དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲོང་ཚོ་མཛེས་ཤིང་མི་རྣམས་འཆམ། ཐུན་མོང་འབྱོར་ཕྱུག་རྣམ་པ་བཟང་།

    —— ལྷ་ས་གྲོང་ཁྱེར་གྱིས“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-19

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཀྲེ་ཅང་གི“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོར་སློབ་སྦྱོང་གཏིང་ཟབ་དང་དཔྱད་གཞིར་བཟུང་ནས“ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག ཡུལ་སྲོལ་བཟང་བ། གྲོང་ཚོ་བཀོད་གཙང་། བདག་གཉེར་དམངས་གཙོ”བཅས་ཀྱི་འཛུགས་སྐྲུན་བླང་བྱ་ལྟར་ཐབས་ཇུས་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། སྤུས་ཚད་མཐོ་བའི་གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ལ་སྐུལ་འདེད་བཏང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་མགྱོགས་མྱུར་ལག་བསྟར་བྱས་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བས་དགུང་སྔོན་དང་། ས་གཙང་། ཆུ་དྭངས་བཅས་ཀྱི་གྲོང་གསེབ་ཀྱི་རང་མདངས་ཤིག་མངོན་པར་བྱས་ཡོད།

    མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གང་སར་མཐོང་རྒྱུ་ཡོད་པ།

    ཞོགས་པ་མཛེས་ལྗོངས་ལྟ་ན་སྡུག་པ་དང་གནམ་གཤིས་ཚ་གྲང་སྙོམས་པའི་དོག་སྡེའི་དངུལ་དཔར་གྲོང་ཚོར་སྐྱོད་སྐབས། སྐྱེ་འཚར་བཟང་བའི་གནའ་བོའི་ཀེའུ་ཚང་རི་བོར་ཐང་ཤིང་དང་། གསོམ་ཤིང་། ཡོ་འབོག་སོགས་སྡོང་ཕྲུག་ཁྲི་ཁ་ཤས་ལྗང་ཐིང་ངེར་གནས་ནས“སྔོ་ལྗང་ཁྱམས་རིང”ཞིག་ཆགས་ཡོད།

    ད་ཆའི་དངུལ་དཔར་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་གྱི“གྲོང་ཚོ་གྲགས་ཅན”ཡིན་ཞིང་། རྡོ་གཤགས་ནས་འཚོ་ཐབས་བྱེད་པའི་གྲོང་ཚོ་ཞིག་ནས་སྐྱེ་ཁམས་ལ་བརྟེན་པའི་གདོད་མའི་རྣམ་པའི་སྐྱེ་ཁམས་དམངས་སྲོལ་གྲོང་ཚོའི་བར“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོའི་ཁྲིད་སྟོན་འོག་དངུལ་དཔར་གྲོང་ཚོར་འཕོ་འགྱུར་ཆེན་པོ་བྱུང་ཡོད།

    དངུལ་དཔར་གྲོང་ཚོའི་གྲོང་མི་ཚེ་ཆོས་ཀྱིས་གསར་འགོད་པར“2016ལོའི་གོང་། དངུལ་དཔར་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་གཙོ་བོ་རྡོ་དང་གཏེར་ཁ་ནས་བྱུང་བས་ཡུལ་མིའི་ཡོང་འབབ་མང་དུ་ཕྱིན་ཡང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཕོག་ཡོད། ཉེ་འཁོར་གྱི་རི་སྟེང་གི་བྱེ་རྡོ་དམར་རྗེན་དུ་མངོན་ནས་སྐྱ་ཐེར་དུ་གྱུར་བས་བྱེ་རླུང་ལྡང་སྐབས་གྲོང་ཚོ་ཡོངས་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ཤེས་རྗེས་ཡུལ་མི་མི་ཉུང་བ་ཞིག་གིས་རྡོ་གཤག་མཚམས་བཞག་ནས་ཤིང་འཛུགས་ནགས་བཟོ་བྱེད་འགོ་ཚུགས་ཡོད”ཅེས་བཤད་བྱུང་།

    དངུལ་དཔར་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་གྱིས“ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིའི་མེ་ལོང་དུ་འཛིན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་དེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་འཆར་འགོད་ནང་བཅུག་ནས་འཆར་འགོད་དང་སྐུལ་འདེད་བཏང་བ་དང་། “དཔེ་སྟོན་གྲོང་ཚོའི་སྤུས་ཚད་མཐོ་རུ་གཏོང་བ་དང་། བར་གྱི་གྲོང་ཚོའི་ཞན་ཆ་སེལ་བ། ཉམས་ཞན་གྲོང་ཚོའི་རྣམ་པ་བརྗེ་བ”བཅས་ཀྱི་བསམ་ཕྱོགས་གཞིར་བཟུང་། ལྟེ་གནས་སྟོབས་ཆེན་དང་། རྫོང་གྲོང་སྟོབས་ཆེན། ཁྱད་ལྡན་གྲོང་རྡལ་སྟོབས་ཆེན། གྲོང་གསེབ་སྟོབས་ཆེན་བཅས“སྟོབས་ཆེན་བཞི་མཉམ་འགུལ”འཛུགས་སྐྲུན་ལ་སྤྱི་འདོམས་དང་། “ལྔ་བཅུ་བརྒྱའི”ལས་གྲྭའི་དཔེ་སྟོན་འཛུགས་སྐྲུན་བྱེད་འགོ་བཙུགས་པ་སྟེ། 2025ལོར་སླེབས་སྐབས་ཁྱད་ལྡན་རྫོང་དང་གྲོང་རྡལ་5དང་། ཁྱད་ལྡན་གྲོང་རྡལ་10 གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་200ཡས་མས་བཅས་བསྐྲུན་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་མང་པོ་ལྷ་སའི་ས་གཞི་ཆེ་མོར་གཅིག་ལ་གཅིག་འགྲན་གྱིས་བསྐྲུན་རྒྱུ་རེད།

    དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་པ།

    དབྱར་དུས་སུ་སྟག་རྩེ་ཆུས་གཙང་ཏོག་ཤང་ཆ་གྲོང་ཚོར་གནས་པའི་སྐལ་བཟང་གླིང་ཁའི་ཉེ་འགྲམ་གྱི་དྭངས་ཤིང་གཙང་བའི་ཆུ་བོ་དང་། ལྗང་ཐིང་ཐིང་གི་རྩི་ཤིང་། རྒྱང་རིང་གི་མུ་འབྲེལ་རི་བོ། སྔོ་ཞིང་དྭངས་བའི་ནམ་མཁའ་སོགས་ཐུན་མིན་གྱི་རང་བྱུང་མཛེས་ལྗོངས་ཀྱིས་ལྗོངས་ཕྱི་ནང་གི་ཡུལ་སྐོར་བ་མི་ཉུང་བ་ཞིག་འདི་གར་ཡོང་བའི་ཡིད་དབང་བཀུག་ཡོད། ཆ་གྲོང་ཚོའི་དྲ་ཐོག་མིང་ཅན་གྱི་གླིང་ཁ་དེ་གཉེར་སྐྱོང་བྱས་པ་ནས་ད་བར་ད་དུང་ཡང་མི་མང་པོས་དགའ་པོ་བྱེད་ཀྱི་ཡོད། གཞི་ཁྱོན་ཆེ་རུ་གཏོང་བ་དང་། ལེ་ལག་ཆ་ཚང་དུ་གཏོང་བ། ཞབས་འདེགས་ལེགས་སུ་གཏོང་བ་བཅས་བྱས་པ་བརྒྱུད་ཧོབ་ཏེ་སྐད་གྲགས་ཆོད་པའི་གླིང་ཁ་དེ་ད་ལྟ་ཡང་ཉེ་རིང་གང་སར་གྲགས་པའི་གླིང་ཁ་ཡིན་པས་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་ཡོད། 2022ལོར་གླིང་ཁ་དེའི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་170ཙམ་ཟིན་པ་དང་འབྲེལ་ཡུལ་མིར་བདེ་སྲུང་དང་། གཙང་སྦྲ། ཞབས་ཞུ་སོགས་ཀྱི་ལས་ཞུགས་ལས་གནས་50ལྷག་ཙམ་མཁོ་འདོན་བྱས་ནས་ཡུལ་མི་ཐག་ཉེ་ས་ནས་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་དེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་བཅུག་ནས་འཆར་འགོད་དང་སྐུལ་འདེད་བཏང་བ་དང་དབུས་རྒྱུད་དང་། ཤར་རྒྱུད། ནུབ་བྱང་རྒྱུད་བཅས་ཁྱད་ལྡན་དཔལ་འབྱོར་གཅིག་སྡུད་འཕེལ་རྒྱས་ཁུལ་ཆེན་པོ་གསུམ་གྱི“སྐོར་གཉིས་དང་། ཁྱམས་གསུམ། ཡུག་གསུམ”བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བཏོད་ནས་འབྲེལ་མཐུད་མ་དངུལ་60%ལས་མི་ཉུང་བ་ཞིག་ཐོན་ལས་འཕེལ་རྒྱས་ལ་སྤྱད་དེ་ནས་དང་། འབྲི་གཡག ལུག བོད་བྱ། བཞོན་མ་སོགས་ཀྱི་ཡུལ་ཟོག་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བ་དང་། “ཁེ་ལས་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དེང་རབས་ཞིང་ལས་དང་ཞིང་འབྲོག་པ་འབྲེལ་མཐུད་དམ་ཟབ་ཡོང་བར་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་བཏང་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། 2022ལོར་གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.79ཟིན་ནས་14.16%འཕར་ཏེ་ཞིང་ལས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་། གྲོང་གསེབ་གནས་འཕྲོས་ལས་འཚམ་ཡིན་པ། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་འཐུས་སྒོ་ཚང་བ་དང་སྔར་བས་འགན་ལེན་ཡོད་ལ། སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ནས་ལྷ་ས་འདི་ཉིད་གྲོང་གསེབ་དར་རྒྱས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་སྐྱོད་བཞིན་ཡོད།

    བདེ་སྐྱིད་ལྡན་པའི་འཚོ་བ་གསར་པར་རོལ།

    སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་མཚོ་སྨད་གྲོང་ཚོའི་རིག་གནས་གྱང་ལྡེབས་ཀྱི་མིང་བྱང་རེ་རེ་ལས་མཚོ་སྨད་གྲོང་ཚོའི་རྣམ་པ་གསར་པ་མངོན་ནས་བསམ་པའི་དཔལ་ཡོན་སྲོལ་གཏོད་དང་མང་ཚོགས་ཀྱི་ཤེས་དཔལ་བྱང་ཚད་མཐོ་རུ་གཏོང་བའི“རང་བྱུང་སློབ་ཁང”ཞིག་ཏུ་གྱུར་ཡོད། སྙེ་མོ་རྫོང་གིས་བོད་ཡིག་འབྱུང་གནས་དང་། སྤོས་ཀྱི་འབྱུང་གནས། ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བཅས་ལ་བརྟེན་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཧུར་ཐག་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཅིག་བསྐྲུན་ཡོད། ལྷུན་གྲུབ་རྫོང་གིས་གསར་བརྗེའི་ཡུལ་སྐོར་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ནས་ཞིང་པའི་རིག་གནས་དང་། ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་གྲོང་གསེབ་དར་རྒྱས་གཏོང་རོགས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“ལས་གྲྭ་ཁྲི་སྟོང”གི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིའི་མེ་ལོང་དུ་འཛིན་ནས་ས་ཁོངས་ཀྱི་དོན་དངོས་རྨང་གཞིར་བྱེད་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད་སྣེ་འདྲེན་དུ་བྱས་ནས་སྐྱེ་ཁམས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཐོན་ལས་ཀྱི་ཁྱད་ཆོས་དང་མི་ཆོས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། རྒྱུན་རྣམ་ཅན་གྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་རིམ་སྤོར་བྱ་སྤྱོད་སྤེལ་བ། གྲོང་གསེབ་ཀྱི་སྒོ་རའི་བཀོད་པ་ལེགས་སུ་གཏོང་བ། ཞིང་འབྲོག་པའི་ཉམས་འགྱུར་གསར་པ་ཆགས་པ་བཅས་བྱས་ཡོད།

    “ལས་གྲྭ་ཁྲི་སྟོང”ལ་སློབ་སྦྱོང་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་ལས་མི་སེར་གྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་མ་ཟད། ཚང་མའི་བསམ་བློར་ཡང་འགྱུར་ལྡོག་བྱུང་ཡོད། ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དགའ་པ་གྲོང་ཚོའི་ལོ་87ལ་སླེབས་པའི་རྒན་མོ་པད་སྒྲོན་ལ་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་མ་ཟད། གད་སྙིགས་ལ་རིགས་དབྱེ་དགོས་པ་དང་། གསང་སྤྱོད་བེད་སྤྱད་རྗེས་ཆུ་གློད་དགོས་པ། བཙོག་ཆུ་གང་བྱུང་དུ་མ་ཤོ་བ་བཅས་ཡུལ་མིའི་འདུ་ཤེས་དང་གོམས་གཤིས་ལའང་འགྱུར་ལྡོག་བྱུང་ཡོད”ཅེས་བཤད།

    གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་ཡུལ་བབ་དང་གྲོང་ཚོར་གཞིགས་ནས་སྲིད་ཇུས་བཏོན་ཏེ་དུད་ཚང་གི་གསང་སྤྱོད་སྒྱུར་བཀོད་དང་། མི་ཕྱུགས་ལོགས་དབྱེ། གྲོང་གསེབ་ཀྱི་བཙོག་ཆུ་གཙང་བསིང་སོགས་གཙོ་གནད་དུ་བྱེད་པའི་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བའི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས“གཙང་བཤེར་བཞི་དང་སྒྱུར་བཀོད་གཉིས”ཀྱི་གྲོང་ཚོའི་གཙང་སྦྲའི་ལས་དོན་རྒྱུན་མཐུད་སྤེལ་ཡོད། དེ་དང་ཆབས་ཅིག ཡུལ་སྲོལ་དམངས་ཆིངས་ཀྱི་ཚད་ལྡན་ནུས་པ་བཏོན་ནས་ཞིང་འབྲོག་མང་ཚོགས་ལ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་རིང་བྱེད་པོའི་ནུས་པ་འདོན་པར་ལྕག་སྐུལ་དང་ཞིང་འབྲོག་མང་ཚོགས་དེའི་ནང་ཞུགས་པར་ལྕག་སྐུལ་བྱ་ཐབས་འཚོལ་ཞིབ་བྱས་ནས་བཟོས་ཡོད།

    མཛེས་སྡུག་ལྡན་པའི་སྐྱེ་ཁམས་ནས་མཛེས་སྡུག་ལྡན་པའི་དཔལ་འབྱོར་བར་དང་དེ་ནས་མཛེས་སྡུག་ལྡན་པའི་འཚོ་བའི་བར་ལྷ་ས་གྲོང་ཁྱེར་གྱིས“ལས་གྲྭ་ཁྲི་སྟོང”ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ལས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས་བཅས་དར་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས་ཞིང་འབྲོག་ལས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་། ཞིང་འབྲོག་ཁུལ་གནས་འཕྲོད་ལས་འཚམ་ཡིན་པ། ཞིང་འབྲོག་པ་འབྱོར་ཕྱུག་ལྡན་པ་བཅས་མངོན་འགྱུར་བྱུང་ནས་རིམ་བཞིན་ཞི་མཐུན་གྲོང་གསེབ་ལ་དངོས་སུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།