ལྗང་མདོག་དང་མཉམ་དུ་སྐྱོད།
—— མཚོ་སྐོར་འགྲན་བསྡུར་གྱིས་མཚོ་བོད་ས་མཐོའི་སྐྱེ་ཁམས་འཕོ་འགྱུར་ལ་དཔང་པོ་བྱས།
ཟླ་7ཚེས་16ཉིན་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་གྱི་རྐང་འཁོར་འགྲན་བསྡུར་སྐབས་22པའི་འགྲན་མཚམས་བརྒྱད་པའི་གསེར་ཆེན་ནས་ཚྭ་མཚོ་བར་གྱི་འགྲན་བསྡུར་འགོ་ཚུགས་ཤིང་། འདི་ནི་དབྱི་ཐ་ལིའི་ཏི་ཡ་ཉི་རྐང་འཁོར་རུ་ཁག་གི་བདམས་ཐོན་པ་མུའུ་ལུའུ་པུའུ་ལན་ལ་ཨང་དང་པོ་ཐོབ་པ།
དབྱར་ཟླ་བདུན་པ་ནི་མཚོ་སྔོན་གྱི་ཡུལ་ལྗོངས་མཛེས་ཤོས་ཀྱི་ནམ་དུས་ཡིན་ཞིང་། གཡུ་ཡི་གཞོང་པ་ལྟར་གྱི་མཚོ་སྔོན་པོ་ལྷིང་འཇགས་ལྟ་ན་སྡུག་པ་དང་། མཚོ་འགྲམ་དུ་མུ་ཏིག་གི་ཕྲ་བཏབ་པ་ལྟར་གྱི་ནོར་ལུག་དང་སྦྲ་གུར་གྱིས་ཁེངས་ལ་པད་ཁའི་མེ་ཏོག་ཁྲ་ཆིལ་ལེར་བཞད་ནས་སུམ་རྩེན་ཡུལ་ལ་འགྲན་པ་ལྟར་གྱི་མཛེས་ཉམས་ལྡན།
མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་གྱི་རྐང་འཁོར་འགྲན་བསྡུར་སྐབས་ཉེར་གཉིས་པ་ད་ལྟ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། འགྲན་བསྡུར་ལོ་མང་རིང་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་རིམ་སྤོར་བྱུང་ནས་མཚོ་སྐོར་འགྲན་བསྡུར་བྱེད་སའི་ལམ་རྒྱུད་ཀྱི་རི་ཀླུང་ཚང་མས་མཚོ་སྔོན་གྱི་སྐྱེ་ཁམས་འཕོ་འགྱུར་བྱུང་བའི་བདེན་དཔང་བྱས་ཡོད།
རྨ་ཆུ་དང་ཙོང་ཆུའི་རོང་ནས་ཚྭ་འདམ་གཤོངས་སའི་བར་དང་། རྒྱ་ཆེ་བའི་བྱེ་ཐང་ནས་མུ་མཐའ་མེད་པའི་སྤང་ཐང་བར། མདོ་ལ་རིང་མོའི་རི་རྒྱུད་ནས་མཚོ་སྔོན་པོའི་ངོགས་བར་བཅས་མཚོ་སྔོན་གྱིས་ཡུལ་ལྗོངས་མཛེས་ཤོས་ནས་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ཆུ་ཚད་མཐོ་བའི་རྐང་འཁོར་འགྲན་ཞུགས་པ་ཚོར་དགའ་བསུ་ཞུས་ཏེ་ཁོང་ཚོར་ལྟ་ན་སྡུག་པའི་འགྲན་བསྡུར་གྱི་ཁོར་ཡུག་ཅིག་མཁོ་འདོན་བྱས་ཡོད།
མཚོ་སྔོན་ཐེན་ཡིའུ་ཏེ་གླིང་སྐྱོད་རུ་ཁག་གི་རུ་མི་ཀྲང་ཀྲི་ཧྲན་ནི་མཚོ་སྐོར་འགྲན་བསྡུར་སྐབས་མང་པོར་ཞུགས་མྱོང་བའི་འགྲན་ཞུགས་པ་རྙིང་པ་ཞིག་རེད། དུས་རྒྱུན་གྱི་སྦྱོང་བརྡར་ཁྲོད་ཁོང་ཚོས་ཉི་ཟླ་རི་བོ་ནས་མཚོ་སྔོན་པོའི་བྱང་རྒྱུད་དུ་རྐང་འཁོར་བཞོན་ཏེ་མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ཡུལ་ལྗོངས་ལ་མྱོང་རོལ་བྱེད་ཀྱི་ཡོད།
“མཚོ་སྐོར་འགྲན་བསྡུར་ལས་འཛམ་གླིང་གིས་མཚོ་སྔོན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། འགྲན་ཞུགས་པ་ཚོས་རྐང་འཁོར་གྱི་ཡོབ་བསྐོར་བ་དང་བསྟུན་ནས་ས་མཐོའི་མཛེས་པ་མ་ལུས་མིག་ལམ་དུ་གསལ་ལེར་མངོན་ཐུབ། ས་མཐོར་རྐང་འཁོར་གཏོང་བ་ནི་ལོངས་སྤྱོད་ཅིག་རང་རེད”ཅེས་ཀྲང་ཀྲེ་ཧྲན་གྱིས་བརྗོད།
ཚེས་13ཉིན་མཚོ་སྐོར་འགྲན་བསྡུར་གྱི་འཇུ་ལག་ནས་མདོ་ལ་བར་གྱི་འགྲན་མཚམས་ལྔ་པ་འགོ་ཚུགས་ཤིང་། དགུང་སྔོན་འོག་འགྲན་ལམ་གྱི་གཡས་གཡོན་དུ་པད་ཁའི་མེ་ཏོག་རླུང་གིས་དེད་ནས་ཡམ་ཡོམ་དུ་གཡོ་བཞིན་མཆིས། འགྲན་བསྡུར་དང་ཆབས་ཅིག་རྐང་འཁོར་རུ་ཁག“གསེར་མདོག་གི་འཇུ་ལག”ནས“མཁའ་དབྱིངས་ཀྱི་མདོ་ལའི”བར་སླེབས་པ་དང་། མདོ་ལའི་མཁར་དམར་གྲོང་རྡལ་དང་ཨ་རིག་རྩྭ་ཐང་བརྒྱུད་སྐབས། ལམ་བར་གྱི་མདོ་ལ་རིང་མོའི་གཤམ་གྱི་རྩྭ་ཐང་ཆེན་པོ་དང་མཚོ་སྐོར་འགྲན་བསྡུར་རུ་ཁག་གཉིས་གཅིག་ལ་གཅིག་གིས་བརྒྱན་པ་ལྟར་ཐུན་མིན་གྱི་མཛེས་ཉམས་རབ་ཏུ་མངོན།
མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཡི་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་དང་མདོ་ལ་རྫོང་གཉིས་ཀ་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་དུ་གནས་ཤིང་། རང་རྒྱལ་གྱི་ནུབ་རྒྱུད་ཀྱི་ཆེས་གལ་འགངས་ཆེ་བའི་འཁྱགས་རོམ་དང་ཆུ་རྩྭ་གསོ་ཁུལ་གྱི་སྐྱེ་ཁམས་བྱེད་ནུས་ཁུལ་ཡིན་པའི་མདོ་ལ་རིང་མོ་ནི་མཚོ་བོད་ས་མཐོའི་སྐྱེ་ཁམས་དོ་སྙོམས་སྲུང་སྐྱོང་དང་། རྨ་ནུབ་དོག་ལམ་གྱི་ནགས་ཤིང་བརྟན་པོ་རྒྱུན་འཁྱོངས། བྱང་ཕྱོགས་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་བཅས་ཀྱི་རང་བྱུང་སྲུང་བཅད་ཅིག་རེད།
ཚེས་15ཉིན་མཚོ་སྐོར་འགྲན་བསྡུར་གྱི་ནུབ་མཚོ་གྲོང་རྡལ་ནས་གསེར་ཆེན་བར་གྱི་འགྲན་མཚམས་བདུན་པ་འགོ་ཚུགས་པ་དང་། མཚོ་བྱང་ཀྲོའུ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཚང་མ་མཚོ་སྔོན་པོའི་འགྲམ་དུ་གནས་པར་བརྟེན་དབྱར་དུས་སུ་མཚོ་སྔོན་པོའི་འགྲམ་དུ་དམིཌ་བསལ་འཚོ་བཞིན་པའི་དགོ་ཕྲུག་རྩྭ་ཐང་ཐོག་བག་ཕེབས་ངང་ཅིད་གར་རོལ་བཞིན་ཡོད།
མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧོ་ཡུས་པང་གིས། མཚོ་སྐོར་འགྲན་བསྡུར་གྱི་རྩལ་འགྲན་ལུས་རྩལ་གྱི་མཛེས་པ་དང་ས་མཐོའི་མཛེས་པ་གཉིས་ཕན་ཚུན་གཅིག་ལ་གཅིག་གིས་བརྒྱན་ཡོད། ཉེ་བའི་ལོ་ཤས་རིང་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་མཚོ་སྔོན་པོའི་མཚོ་ཁ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་། སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་པ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་ཡོད་ཅེས་བཤད།
མཚོ་སྔོན་པོའི“ཆུ་ཉ་བྱ”གསུམ་གྱི་སྐྱེ་ཁམས་མ་ལག་ཁྲོད་གསེར་ཉ་ནི་དེའི་ཁྲོད་ཀྱི་ལྟེ་བའི་སྐྱེ་དངོས་རིགས་ཀྱི་གྲས་ཤིག་ཡིན། གསེར་ཉ་ལ“མཚོ་སྔོན་པོའི་ཉ་ལོ་ལི”ཞེས་བརྗོད་པ་དང་། ལོ་ལྟར་གྱི་ཟླ་5པའི་ཟླ་མཇུག་ནས་ཟླ་8པའི་བར་ནི་གསེར་ཉ་ཕྱིར་རྒྱུ་བའི་དུས་ཚིགས་ཡིན་པས་གསེར་ཉ་ཁྲི་སྟོང་མང་པོ་ཆུ་བོའི་གྱེན་དུ་རྒྱུག་ནས་མཚོ་སྔོན་པོའི་ཆུ་ལག་གལ་ཆེན་ཏེ། འོམ་ཆུ་གཙང་པོ་དང་པུའུ་ཧ་གཙང་པོ་སོགས་ཆུ་བོར་རྒྱུག་ནས་སྒོ་ང་གཏོང་གི་ཡོད་པར་བརྟེན“གསེར་ཉ་རྒྱུ་བའི”ངོ་མཚར་གྱི་རྣམ་པ་ཞིག་ཆགས་ཡོད་པ་རེད། མཚོ་སྔོན་པོའི་གསེར་ཉར་སྲུང་སྐྱོང་བྱ་ཆེད། ཞིང་ཆེན་གྱིས་ལོ་40ཡི་རིང་མཚོ་བཀག་ཉ་གསོ་ཐེངས་6ལག་ལེན་བསྟར་བ་དང་། 2022ལོར་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི་11.41ཟིན་པ་དེ་སྲུང་སྐྱོང་གི་ཐོག་མའི་དུས་ཀྱི་ལྡབ་44ཡིན།
སི་ཕེན་གྱི་པ་སི་ཁེ་གློག་འཕྲིན་རྐང་འཁོར་རུ་ཁག་ནས་ཡིན་པའི་འགྲན་ཞུགས་པ་པཱ་ལ་ལིན་གྱིས“དེ་གའི་མཛེས་ལྗོངས་ལ་ང་ཧང་སངས་བྱུང་། མ་གཞི་འགྲན་བསྡུར་སྐབས་མཛེས་ལྗོངས་ལ་མྱོང་རོལ་བྱེད་དཀའ་ཡང་མཚོ་བོད་ས་མཐོར་རྐང་འཁོར་བཞོན་པའི་མྱོང་ཚོར་དེ་གཞན་དང་གཏན་ནས་འདྲ་ཡི་མི་འདུག”ཅེས་བཤད།
མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས། ད་ཆ་མཚོ་སྔོན་དུ་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་སྤྲིན་དཀར་དགུང་སྔོན་གཅིག་ལ་གཅིག་རྒྱན་ཡིན་ལ“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ནས་གཙང་གསུམ་ཆུ་འགོར་མཚེའུ་སྟོང་གི་མཛེས་ལྗོངས་སླར་ཡང་མངོན་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་ཡོད་ཅེས་བཤད།
“ཚང་མས་ལྗང་མདོག་ཐཱན་ཉུང་གི་ལུས་རྩལ་རྩེད་སྟངས་ཁྲོད་རྐང་འཁོར་ལུས་རྩལ་གྱི་མྱུར་ཚད་དང་སྤྲོ་སྣང་ལ་མྱོང་རོལ་བྱེད་པ་དང་། མཚོ་སྔོན་གྱི་རི་ཀླུང་གི་ངོ་མཚར་དང་མཛེས་ལྗོངས་ལ་ཅི་དགར་རོལ་བ། འགྲན་བསྡུར་བརྒྱུད་ལྗང་མདོག་བརྒྱུད་སྤེལ་དང་། བདེ་ཐང་དར་སྤེལ། སྤེལ་རེས་ལ་སྐུལ་འདེད་བཅས་ཡོང་བའི་རེ་བ་ཡོད”ཅེས་ཝུའུ་ཞའོ་ཅུན་གྱིས་བཤད།
(ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་14ཉིན་འབྱོར་པའི་གློག་འཕྲིན)