《ཝི་ཨེན་ནའི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན》གྱི་ལོ་སུམ་ཅུ།
“ཀྲུང་གོའི་འཚོལ་ཞིབ་དང་ཉམས་མྱོང”གི་བརྗོད་དོན་གཙོ་བོའི་ཞོར་ཚོགས་རི་ནེ་ཝར་འཚོགས་པ།
ཉིན་ཤས་གོང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་53པའི་རིང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱིས་རི་ནེ་ཝར“《ཝི་ཨེན་ནའི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན》གྱི་ལོ་སུམ་ཅུ། ཀྲུང་གོའི་འཚོལ་ཞིབ་དང་ཉམས་མྱོང”གི་བརྗོད་དོན་གཙོ་བོའི་ཞོར་ཚོགས་འཚོགས་པ་རེད། འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་བསྒྲགས་གཏམ་དང་བྱ་སྤྱོད་རྩ་འཛིན་གྱི་ཀྲུང་གོའི་ལག་ལེན་དང་། འཚོ་གནས་ཀྱི་དབང་ཆའམ་འཕེལ་རྒྱས་ཀྱི་དབང་ཆའི་འདུ་ཤེས། འགྲོ་བ་མིའི་ཐོབ་ཐང་གི་རྒྱལ་སྤྱིའི་མཉམ་ལས་དང་དེ་བཞིན་ཚོགས་སྤྱི་ཉུང་ཤས་ཀྱི་ཁེ་དབང་འགན་ལེན་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་པ་རེད།
ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཨུ་ལྷན་གྱི་ཚོགས་གཙོ་གཞོན་པ་ཅི་ལིན་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ལུའུ་ཀོང་ཅིན་གྱིས་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་ནས། ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དང་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་དུས་རབས་ཀྱི་རླབས་རྒྱུན་དང་འཚམ་པ་དང་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུར་ཧུར་ཐག་བསྐྱོད་ཡོད། བདེ་འཇགས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་དང་། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད། མཉམ་ལས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པ་བསྒྲགས་གཏམ་དང་བྱ་སྤྱོད་རྩ་འཛིན་གྱི་དགོངས་དོན་དང་མཐུན་པ་མ་ཟད། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་བསྒྲགས་གཏམ་དང་བྱ་སྤྱོད་རྩ་འཛིན་གྱི་དགོངས་དོན་འཕེལ་རྒྱས་བཏང་བ་ཞིག་ཀྱང་ཡིན་པས། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་དེ་བས་གཞུང་དྲང་དང་། དྲང་གཞག ལུགས་མཐུན། བསྟུན་མཁས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་གསོན་ཤུགས་གསར་པ་སྣོན་ཐུབ་ངེས་རེད་ཅེས་བརྗོད།
ནུབ་བྱང་སྲིད་ཁྲིམས་སློབ་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཀྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཆན་ཅིན་ཡུས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཤེས་དཔལ་གྱི་ཀྲུང་གོའི་བྱེད་ཐབས་ནི་འགྲོ་བ་མིའི་ཐོབ་ཐང་ཤེས་དཔལ་གྱི་རྒྱུ་མང་སྨྲ་བའི་མཚོན་ཚུལ་དང་ལག་ལེན་ཞིབ་ཕྲ་ཞིག་ཡིན་པ་དང་དེའི་ལྟེ་བའི་ནང་དོན་ནི་ཕན་ཚུན་བརྩི་འཇོག་རྨང་གཞིར་བྱེད་པ་དང་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་གི་ཤེས་དཔལ་སྣ་མང་རང་བཞིན་བཏོད་ཡོད་ཅེས་བརྗོད།
དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་ལེན་སྐོར་ལ་གཏམ་བཤད་སྤེལ་སྐབས། ནུབ་བྱང་སྲིད་ཁྲིམས་སློབ་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཀྱི་ལས་རོགས་ཞིབ་འཇུག་པ་ཝང་ཧྲུའུ་ཆིས་ཐོགས་མེད་ཁོར་ཡུག་འཛུགས་སྐྲུན་གྱི་ཁྲིམས་འཛུགས་ནི་ཀྲུང་གོའི་ཁྲིམས་འཛུགས་ཀྱིས་མི་རྩ་བར་མཐའ་འཁྱོངས་བཟུང་སྟེ་མི་དམངས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མི་དམངས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མི་དམངས་ལ་འཕྲལ་མཁོ་ཆེ་ཤོས་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད་བརྗོད།
ཅི་ལིན་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧྲན་ཐེན་ཆོན་གྱིས། ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བསྒྲགས་གཏམ་དང་བྱ་སྤྱོད་རྩ་འཛིན་གྱི་དམིགས་ཡུལ་དང་མཐུན་ཡོད་ལ་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་བྱེད་པ་ནི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་གི་འཆར་འགོད་དང་ཁྲིད་སྟོན་ལ་ཕན་ཐོགས་ཡོད་ཅེས་བརྗོད།