དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས།

    ཀྲུང་གོས་བཏོན་པའི“འཕེལ་རྒྱས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡོད་ཚད་ལོངས་སྤྱོད་ལ་ཕུལ་བའི་ལེགས་སྐྱེས”ཀྱི་གྲོས་ཆོད་ལ་སླར་ཡང་གྲོས་འཆམ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2023-07-18

    ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་53པར། ཀྲུང་གོས་བཏོན་པའི“འཕེལ་རྒྱས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡོད་ཚད་ལོངས་སྤྱོད་ལ་ཕུལ་བའི་ལེགས་སྐྱེས”ཀྱི་གྲོས་ཆོད་ལ་སླར་ཡང་གྲོས་འཆམ་བྱས་པ་རེད།

    གྲོས་ཆོད་དུ་འཕེལ་རྒྱས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡོད་ཚད་ལོངས་སྤྱོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་ཡང་བསྐྱར་བཤད་ཡོད་པ་དང་། ཕྱོགས་ཁག་གིས་རིམས་ནད་རྗེས་ཀྱི་སླར་གསོའི་འཕེལ་རིམ་དུ་བསམ་ཕྱོགས་གསར་པར་བརྟེན་ནས་2030ལོའི་གྲོས་རིམ་དོན་འཁྱོལ་བྱེད་རིང་གི་འགྲན་སློང་གསར་པར་ཁ་གཏད་གཅོག་པ་དང་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་ཏན་ཏིག་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རིང་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་སྐུལ་འདེད་དང་འགན་ལེན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།

    མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་ཏུ་རྒྱུན་སྡོད་ཀྲུང་གོའི་འཐུས་ཚབ་གཞུང་ཚབ་ཆེ་མོ་བ་ཁྲེན་ཤུས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སུ་གྲོས་ཆོད་ཀྱི་འཆར་ཟིན་ངོ་སྤྲོད་བྱེད་སྐབས། འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་གཅིག་ལ་གཅིག་རྟེན་ཡིན་ཞིང་། ལྷག་པར་དུ་རིམས་ནད་རྗེས་སླར་གསོ་བྱེད་རིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱས་ནས་མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་གང་ལེགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། 《འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ》སྤེལ་ནས་ལོ་75འཁོར་བ་དང《ཝི་ཨེན་ནའི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན》ལ་གྲོས་འཆམ་བྱུང་ནས་ལོ་30འཁོར་བའི་སྐབས་སུ། ཀྲུང་གོས་གྲོས་ཆོད་མཉམ་དུ་འབུལ་མཁན་རྒྱལ་ཁབ་དང་ལྷན་ཅིག་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ལ“འཕེལ་རྒྱས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡོད་ཚད་ལོངས་སྤྱོད་ལ་ཕུལ་བའི་ལེགས་སྐྱེས”ཀྱི་གྲོས་ཆོད་འཆར་ཟིན་ཡང་བསྐྱར་བཏོན་པ་དང་། གྲོས་ཆོད་དེས་རྒྱལ་ཁབ་ཁག་གིས་རིམས་ནད་རྗེས་ཀྱི་སླར་གསོར་འཕེལ་རྒྱས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཡོད་ཚད་ལོངས་སྤྱོད་ལ་ཕུལ་བའི་ལེགས་སྐྱེས་འདོན་སྤེལ་གང་ལེགས་བྱེད་པར་སྐུལ་འདེད་གཏོང་བའི་ཕན་པ་ཡོད་པ་དང་། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འདྲ་མཉམ་མིན་རིགས་ཧུར་ཐག་བསལ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས། འདྲ་མཉམ་གྱི་འཕེལ་རྒྱས་བཅས་ཀྱི་མངོན་འགྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་རེ་བ་བྱེད་ཀྱི་ཡོད། དེས་ཕྱོགས་ཁག་གིས《འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ》དང《ཝི་ཨེན་ནའི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན》གྱི་དགོངས་དོན་གྱི་སྐུལ་སློང་འོག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་མི་ཚང་མས་འགྲོ་བ་མིའི་ཐོབ་ཐང་ལོངས་སྤྱོད་ཐུབ་པའི་དམིགས་ཚད་ཕྱོགས་སུ་སྐྱོད་པར་ཕན་པ་ཡོད་ཅེས་བརྗོད་པ་རེད།

    ཕ་ཁི་སི་ཐན་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། སུའུ་ཏན། ཧོང་ཏུ་ར་སི་སོགས་རྒྱལ་ཁབ་ཀྱིས་གཏམ་བཤད་སྤེལ་ནས། ཀྲུང་གོས་གྲོས་ཆོད་འཆར་ཟིན་གལ་ཆེན་བཏོན་པར་བསྔགས་བརྗོད་དང་ཀྲུང་གོས་འགོ་ཁྲིད་ཀྱི་ནུས་པ་བཏོན་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། གྲོས་ཆོད་འཆར་ཟིན་དེར་གྲོས་འཆམ་བྱུང་བ་ལས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཡོངས་ཁྱབ་རེ་འདུན་དང་ཐུན་མོང་བསམ་འདུན་གང་ལེགས་མཚོན་པ་དང་། རྒྱལ་ཁབ་ཁག་གིས་རིམས་ནད་རྗེས་སླར་གསོ་བྱེད་རིང་འཕྲད་པའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པར་ཕན་ཐོགས་ཡོད་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རིང་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་དང་སྲུང་སྐྱོང་དེ་བས་ལེགས་པ་ཐུབ་སྲིད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།