དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སྨན་བཅོས་དང་སློབ་གསོ་ཁྱབ་གདལ་བཏང་སྟེ་ས་མཐོར་དྲོ་སྐྱིད་སྦྱིན།

    —— གཞོན་ནུ་ཚན་རྩལ་ལས་བྱེད་པ་མཚོ་སྔོན་གཞི་རིམ་དུ་བསྐྱོད་པའི་མཐོང་ཐོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     རྩོམ་པ་པོ།  ཀྲང་ཙེ་ཆི་དང་ཝང་ཡན།   |     སྤེལ་དུས།  2023-07-17

    ཟླ་བདུན་པའི་གསེར་དངུལ་ཐང་རྩྭ་ཐང་ཐོག་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་ཞག་སྡོད་ལམ་ལུགས་ཀྱི་མི་རིགས་སློབ་འབྲིང་དུ་མགྲོན་པོ་ཁག་གཅིག་འབྱོར་བ་སྟེ། པེ་ཅིང་ཞེ་ཧོ་སྨན་ཁང་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ནས་ཡོང་བའི་ཁྱབ་ཁོངས་མི་འདྲ་བའི་རིགས་གཅིག་མཁས་ཅན་20ཙམ་གྱིས་ཕྲུ་གུ་ཚོར་སྨན་བཅོས་དང་སློབ་གསོ་ཁྱབ་གདལ་བཏང་བས་སློབ་གྲྭའི་ནང་དགའ་སྤྲོའི་རྣམ་པས་ཁེངས།

    སློབ་ཁྲིད་ཐོག་ཁང་དུ་པེ་ཅིང་ཞེ་ཧོ་སྨན་ཁང་གི་རིགས་གཅིག་མཁས་ཅན་10ཡིས་མི་གཉིས་རེར་ཚོགས་ཆུང་རེ་བྱས་ཏེ་སློབ་མ་200ལ་རུས་ནད་ཚན་ཁག་དང་། མིག་ནད་ཚན་ཁག བྱིས་པའི་ཚན་ཁག་བཅས་ཀྱི་ཕྱོགས་བསྡུས་བརྟག་དཔྱད་བྱས་པ་རེད། “མདུན་ཕྱོགས་ལ་ལྟོས་དང་། མིག་ཤེལ་བཏགས་རྗེས་ངེས་པར་དུ་དུས་བཀག་ལྟར་བསྐྱར་དུ་བརྟག་དཔྱད་བྱེད་དགོས། སློབ་གསེང་དུ་མིག་ཤེལ་དཀྲོལ་ནས་མིག་ལ་ཕུར་མཉེད་ཕྲན་བུ་བཏང་སྟེ་མིག་བདེ་པོ་ཡོང་བར་བྱེད་དགོས”ཅེས་པེ་ཅིང་ཞེ་ཧོ་སྨན་ཁང་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ལི་པིང་གིས་མིག་བརྟག་དཔྱད་ཞིབ་པར་བྱེད་ཀྱིན་དུ་ངང་རྒྱུད་རིང་པོས་མིག་བདག་སྐྱོང་ཤེས་བྱ་འགྲེལ་བཤད་ཞིབ་པར་བརྒྱབ་པ་རེད།

    མཚོ་སྔོན་ས་མཐོར་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་གྱི་ཡོད། དེའི་ལྷོ་རྒྱུད་དང་མཚོ་སྔོན་པོ་སྐོར་བའི་ས་ཁུལ་གྱི་མི་འབོར་གྱི་སྡོད་གནས་ཁ་ཐོར་ཡིན་པས། དུས་ཡུན་རིང་པོའི་ནང་སྨན་བཅོས་ཞབས་ཞུའི་ནུས་པ་ཞན་པ་དང་མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ཐོབ་ཁག་པོ་ཡིན་པ་རེད།

    གཟུགས་པོར་བརྟག་དཔྱད་བྱེད་མཁན་སྒུག་པའི་རིང་། བོད་རིགས་ཨ་མ་གཡང་མཚོས་ལོ་7ལ་སླེབས་པའི་བུ་ཆུང་ཁྲིད་དེ་སྒོ་འགྲམ་དུ་ལངས་ནས་དངངས་འཚབ་ཆེན་པོས་སྨན་པ་ཡོང་གི་ཡོད་མེད་ཡང་ཡང་ལྟ་བཞིན་འདུག གཡང་མཚོས་ངའི་ཕྲུ་གུའི་རིག་སྟོབས་སྐྱེ་འཚར་ན་མཉམ་དང་བསྡུར་ན་ཧེ་བག་མངོན་གསལ་དོད་དུ་འགྲོ་གི་འདུག རྫོང་སྨན་ཁང་གིས་བརྟག་དཔྱད་བྱེད་ཐུབ་ཀྱི་མི་འདུག པེ་ཅིང་གི་རིགས་གཅིག་མཁས་ཅན་སླེབས་པ་གོ་ཐོས་བྱུང་བས་སྨན་པར་དེའི་སྐོར་སྐད་ཆ་འདྲི་དགོས་བསམ་བྱུང་ཞེས་བཤད།

    ཞེ་ཧོ་སྨན་ཁང་བྱིས་པའི་ཚན་ཁག་གི་རིགས་གཅིག་མཁས་ཅན་མཱ་མིང་ཧྲེང་གིས་གཡང་མཚོར་ཕྲུ་གུ་སྐྱེས་སྐབས་ཀྱི་གནས་ཚུལ་སྐད་ཆ་དྲིས་པ་མ་ཟད། གཞི་རྒྱུའི་གྲུབ་ཆར་བརྟག་དཔྱད་བྱས་ནས་ནད་རྐྱེན་གསལ་པོ་ཡོང་བའི་གྲོས་འགོ་ཡང་བཏོན་པ་རེད། “པེ་ཅིང་དུ་བརྟག་དཔྱད་བྱེད་པར་སྨན་རིན་སྒོར་ཁྲི་ཡན་གཏོང་དགོས་ཀྱི་ཡོད། ངའི་ཁྱིམ་གྱི་མི་རབས་ཁ་ཤས་འབྲོག་པ་ཡིན་པས། རྫོང་གྲོང་ནས་ཕྱིར་སྨན་པ་བསྟེན་པར་འགྲོ་བའི་གོ་སྐབས་ཧ་ཅང་ཉུང་ཉུང་ཡིན། པེ་ཅིང་དུ་བསྐྱོད་རྒྱུ་ནི་དེ་བས་ཁག་པོ་རེད”ཅེས་གཡང་མཚོས་ཡིད་སྐྱོ་བཞིན་དེ་ལྟར་བཤད།

    སྨན་པ་ཁ་ཤས་ཀྱིས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། གཡང་མཚོའི་ཁ་པར་ཨང་གྲངས་ཉར་ནས་ཉིན་ཤས་སོང་རྗེས་བརྟག་དཔྱད་བྱེད་པར་མཁོ་བའི་དངོས་པོ་རྫོང་སྨན་ཁང་དུ་བསྐུར་ཏེ་རྫོང་སྨན་ཁང་གི་སྨན་པས་བརྟག་དཔྱད་བྱས་ནས་མ་དཔེ་པེ་ཅིང་དུ་བསྐུར་བ་དང་སྨན་རིན་མི་དགོས་པར་ཕྲུ་གུར་བརྟག་དཔྱད་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།

    གཡང་མཚོས“ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཡང་ཡང་བཤད།

    ཆུ་ཚོད་3ལྷག་ཙམ་རིང་རྒྱུན་ཆད་མེད་པར་ལས་ཀ་བྱས་པ་དང་། སྨན་པ་ཚོས་མགོ་ན་བ་དང་བྲང་ཁ་མི་བདེ་བ་སོགས་ས་མཐོར་མི་འཕྲོད་པའི་དཀའ་ངལ་ཁྱད་བསད་བྱས་ནས་ཕྲུ་གུ་ཚང་མར་སྔར་བཞིན་སེམས་རྩ་འཁོལ་པོས་བརྟག་དཔྱད་བྱས་ཤིང་། ཁོང་ཚོས“ཐེངས་གཅིག་སླེབས་པ་དེའང་ལས་སླ་པོ་མ་རེད། ཕྲུ་གུ་དེ་བས་མང་བར་བརྟག་དཔྱད་ཐུབ་ན་བསམ་གྱི་འདུག”ཅེས་བཤད། འོས་འགན་སྨན་བཅོས་མཇུག་འགྲིལ་རྗེས་པེ་ཅིང་ཞེ་ཧོ་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་འབྲེལ་མཐུད་བྱས་ཏེ། སྔར་བས་བརྟག་དཔྱད་བྱེད་དགོས་པའི་སློབ་མ་ཞིང་ཆེན་དེ་རང་དུ་སྨན་བཅོས་བྱེད་ཆོག་པ་དང་དྲ་ཐོག་ནས་བརྟག་དཔྱད་བྱས་པ་བརྒྱུད་ཁོང་ཚོའི་སེམས་ཁྲལ་བསལ་བ་རེད།

    “གཞོན་ནུ་ལོ་ཆུང་ནི་མེས་རྒྱལ་གྱི་འབྱུང་འགྱུར་ཡིན། པེ་ཅིང་གི་སྤུས་ལེགས་ཐོན་ཁུངས་ས་མཐོར་ཁྱབ་པ་བྱས་ཚེ་ས་མཐོའི་མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་ཟབ་ཏུ་འགྲོ་རྒྱུ་དང་སློབ་མའི་མཐོང་རྒྱ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པས་དེ་ནི་རྩ་ཆེའི་གོ་སྐབས་ཤིག་རེད” ཅེས་མདའ་བཞི་རྫོང་ཞག་སྡོད་ལམ་ལུགས་མི་རིགས་སློབ་འབྲིང་གི་སློབ་སྤྱི་ཝུའུ་ཡུང་ཞང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།