ཧན་ཧུང་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ།
ན་ནིང་ནས་ད་བར་དུ་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་1200ལྷག་ཙམ་རི་བའི་རྣམ་གྲངས་དང་དངོས་ཟོག་ཞལ་འདེབས་བརྒྱབ་པ།
ཚེས་15ཉིན“ཧན་ཧུང་གི་གཅེས་སེམས·བོད་ལ་གཅེས་སྐྱོང་བྱེད་པའི་བྱ་སྤྱོད་བསྐྱར་དུ་སྤེལ”ཞེས་པའི་ཞལ་འདེབས་འབུལ་བ་དང་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་། པེ་ཅིང་གི་ཧན་ཧུང་གཅེས་སེམས་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་འཛུགས་མཁན་ཧན་ཧུང་དང་འབྲེལ་ཡོད་འགན་འཁུར་བ། ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་གཉིས་པའི་མིག་ནད་ཚན་ཁག་གི་ལྟེ་བའི་སྨན་བཅོས་རིགས་གཅིག་མཁས་ཅན་ཚོགས་པ། རྣམ་གྲངས་ཞལ་འདེབས་དང་ལེན་ཞུ་མཁན་ཤང་གྲོང་འཕྲོད་བསྟེན་ཁང་གི་འཐུས་མི་སོགས་མཛད་སྒོར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་སྤེལ་བ་རེད།
ལོ་མང་རིང“ཧན་ཧུང་གི་གཅེས་སེམས·བོད་ལ་གཅེས་སྐྱོང་བྱེད་པའི་བྱ་སྤྱོད་བསྐྱར་དུ་སྤེལ”ཞེས་པའི་བྱེད་སྒོ་་མཚམས་ཆད་མྱོང་མེད་ཅིང་། 2022ལོ་ནས་2023ལོའི་བར་པེ་ཅིང་གི་ཧན་ཧུང་གཅེས་སེམས་དགེ་སྒྲུབ་ཐེབས་རྩ་ལྷན་ཚོགས་ཀྱིས་རང་སྐྱོང་ལྗོངས་ལ་ཁྱོན་མ་དངུལ་སྒོར་ཁྲི་1200ལྷག་ཙམ་རི་བའི་རྣམ་གྲངས་དང་དངོས་ཟོག་ཞལ་འདེབས་བརྒྱབ་པའི་ནང་བརྒྱུད་འདྲེན་རྣམ་པའི་མྱུར་སྐྱོབ་རླངས་འཁོར་60ཚུད་པ་དང་། མངའ་རིས་ས་ཁུལ་དང་ནག་ཆུ་གྲོང་ཁྱེར་དུ་མིག་འབྱེད་ལྟེ་གནས་2ཞལ་འདེབས་བརྒྱབ་ནས་བསྐྲུན་པ། མངའ་རིས་ས་ཁུལ་དུ་ས་མཐོའི་མྱུར་སྐྱོབ་ས་ཚིགས་1ཞལ་འདེབས་བརྒྱབ་ནས་བསྐྲུན་པ། ཆབ་མདོ་གྲོང་ཁྱེར་གྱི་སློབ་གྲྭ་37གྱི་སློབ་མར་མིག་ཤེད་བརྟག་དཔྱད་དང་དེ་བཞིན་མིག་ཤེལ་སྒྲིག་པའི་ཞབས་འདེགས་སོགས་ཞུས་པ་རེད།
ད་རེས“བོད་ལ་གཅེས་སྐྱོང་གི་བྱ་སྤྱོད་བསྐྱར་དུ་སྤེལ”བའི་རིང་དུས་ཡུན་ཉིན་དགུའི་སྤྱི་ཕན་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། “མིག་འབྱེད་ལྟེ་གནས”རྣམ་གྲངས་དེས་ཀྲེ་ཅང་སྨན་ཁང་གཉིས་པའི་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་ས་གནས་དེ་གའི་ནད་པར་རིན་མེད་ངང་སྐྱ་གྲིབ་གཤག་བཅོས་བྱེད་པར་གདན་དྲངས་ཡོད། དེ་དང་ཆབས་ཅིག་དགོས་མཁོ་དངོས་གཞིར་བཟུང་། དོས་དྲག་དང་། སྒྲ་རླབས། མིག་ཤེད་བཅས་ཀྱི་གཞི་རིམ་སྨན་དོན་མི་སྣར་དམིགས་ནས་གསོ་སྦྱོང་བྱ་རྒྱུ་དང་། ས་རང་ཤང་དང་དུང་རུ་ཤང་འཕྲོད་བསྟེན་ཁང་དུ་ཡོང་ནས་མྱུར་སྐྱོབ་ཁང་གི་རྣམ་གྲངས་སྐོར་འདྲི་རྟོགས་བསྐྱར་མ་བྱ་རྒྱུ་རེད།
“ང་ནི་བོད་རིགས་མི་དམངས་ཀྱི་བུ་ཕྲུག་ཡིན། གལ་སྲིད་ཕ་ཡུལ་གྱི་མི་དམངས་ལ་དགོས་མཁོ་ཡོད་ཚེ། རང་ཉིད་ལམ་སེང་ཡོང་གི་ཡིན”ཐེབས་རྩ་ལྷན་ཚོགས་འཛུགས་མཁན་ཧན་ཧུང་གིས་ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག ད་ཐེངས་བོད་དུ་ལོག་ནས་སྤྱི་ཕན་བྱེད་སྒོ་སྤེལ་རྒྱུའི་ཐོག་མའི་བསམ་འདུན་བཤད་པ་རེད།
2011ལོ་ནས་ད་བར་དུ་ཧན་ཧུང་གཅེས་སེམས་ཚོགས་པས་བོད་དུ་ཐེངས་ལྔ་ཡོང་ནས་སྨན་བཅོས་རོགས་སྐྱོབ་ཀྱི་བྱ་སྤྱོད་སྤེལ་ཞིང་། མྱུར་སྐྱོབ་རླངས་འཁོར་དང་དེ་བཞིན་སྨན་བཅོས་སྒྲིག་ཆས་ཁ་གསབ་དང་རྩལ་ནུས་སྦྱོང་བརྡར་སོགས་ཀྱི་བྱ་ཐབས་བརྒྱུད། རང་ལྗོངས་ཀྱི་གཞི་རིམ་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།