དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཡན་ཕུའུ་ཅིང་དང་ཁྲེན་ཝུའེ་ཝུའེ།   |     སྤེལ་དུས།  2023-07-16

    གློག་གསོག་རྨང་གཞིའི་སྒྲིག་བཀོད་ཀྱིས་གློག་སྒུལ་རླངས་འཁོར་ལ་གློག་བརྗེ་གློག་གསོག་གི་ཞབས་འདེགས་ཞུ་ཡི་ཡོད། དེ་ནི་འགྲིམ་འགྲུལ་དང་ནུས་རྒྱུ་མཉམ་འདྲེས་རིགས་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་རེད། མིག་སྔར། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཁྲོམ་ར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་མོད། འོན་ཀྱང་གློག་གསོག་རྨང་གཞིའི་སྒྲིག་བཀོད་ཐད་བཀོད་སྒྲིག་འཐུས་ཚང་མེད་པ་དང་། གྲུབ་ཆ་ལུགས་མཐུན་མེད་པ། ཞབས་འདེགས་དོ་སྙོམས་མེད་པ། གཉེར་སྐྱོང་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་ལྷག་ཡོད།

    གློག་གསོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། ནུས་རྒྱུ་གསར་པའི་རླངས་འཁོར་འཛད་སྤྱོད་ཀྱི་གཏིང་ཤུགས་སྔར་བས་བཏོན་ནས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དེ་བས་ཡག་པོ་བྱ་ཆེད། ཡུན་རིང་མ་སོང་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྤུས་ཚད་མཐོ་བའི་གློག་གསོག་རྨང་གཞིའི་སྒྲིག་བཀོད་མ་ལག་སྔར་བས་སྐྲུན་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་སྟེ། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར། 2015ལོ་ནས་2022ལོའི་བར་རང་རྒྱལ་ལ་གློག་གསོག་རྨང་གཞིའི་སྒྲིག་བཀོད་ལྡན་ཚད་ཁྲི་10ནས་ཁྲི་521བར་མང་དུ་སོང་བ་དང་ལོ་རེར་ཆ་སྙོམས་བྱས་ན་ཁྲི་70ལྷག་ཙམ་མང་དུ་སོང་ཡོད། འདི་ལོའི་ཟླ་བ་ལྔ་པའི་ཟླ་མཇུག་བར་དུ་གློག་གསོག་རྨང་གཞིའི་སྒྲིག་བཀོད་ཀྱི་གཞི་ཁྱོན་ཁྲི་635.6ཟིན་ཡོད། འཛད་སྤྱོད་ཀྱི་ངོ་བོ་ནས་གཞུང་སྒེར་གཉིས་ཀར་ལྟ་རྟོག་བྱས་ཤིང་། སྤྱི་པའི་གློག་སྡོང་གིས་33%དང་མི་སྒེར་གྱི་གློག་སྡོང་གིས་67%ཟིན་ཡོད། འཐབ་ཕྱོགས་དང་པོའི་གྲོང་ཁྱེར་ལྟེ་བའི་གྲོང་ཁུལ་གྱི་སྤྱི་པའི་གློག་སྡོང་སྒྲིག་ཆས་ཁྱབ་ཚད་80%ཡན་ཟིན་པ་དང་། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཞབས་ཞུའི་ཁུལ་65%ལ་གློག་གསོག་ཆ་རྐྱེན་འཛོམས་ཡོད།

    འོན་ཀྱང་མིག་སྔར་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འཁོར་བདག་མི་ཉུང་བར་སྔར་བཞིན་ཐག་རིང་ལ་འགྲོ་ཐུབ་མིན་གྱི་སེམས་ཁྲལ་ཡོད་པ་དང་། དེ་བཞིན་གློག་སྡོང་དཀོན་པ་དང་། གློག་སྡོང་ཁུལ་ཆུང་དུ་འཛུགས་དཀའ་བ། མྱུར་བགྲོད་གཞུང་ལམ་དུ་གློག་གསོག་དཀའ་བ་སོགས་ཀྱི་གནད་དོན་རབ་དང་རིམ་པ་ཡོངས་ཁྱབ་ཏུ་ཕྲད་ཡོད་པས་བསམ་འཆར་ནང་གོང་གསལ་གནད་དོན་འདི་རིགས་ཐག་གཅོད་པའི་དམིགས་སའི་རང་བཞིན་གྱི་བྱེད་ཐབས་བཏོན་ཡོད།

    “གློག་སྡོང་དཀོན་པའི”གནད་དོན་ལ་དམིགས་ནས་བསམ་འཆར་ནང་ཕྱོགས་གཅིག་ནས་གློག་གསོག་རྨང་གཞིའི་སྒྲིག་བཀོད་ཁྱབ་རྒྱ་ཆེ་རུ་བཏང་སྟེ། གྲུབ་ཆ་འཐུས་སྒོ་ཚང་བའི་གྲོང་ཁྱེར་གྱི་གློག་གསོག་དྲ་བ་བཙུགས་ནས་རྒྱུན་སྡོད་ཁུལ་དང་། གཞུང་ལས་ཁུལ། ཚོང་ལས་ལྟེ་གནས། བཟོ་ལས་ལྟེ་གནས། སྤྲོ་གསེང་ལྟེ་གནས་བཅས་ལ་གཙོ་གནད་དུ་ཁྱབ་དགོས་པ་དང་། ཕྱོགས་གཞན་ཞིག་ནས་གློག་གསོག་རྨང་གཞིའི་སྒྲིག་བཀོད་སྣ་ཚོགས་སྦྲེལ་མཐུད་གང་ལེགས་བྱེད་པའི་ཆ་འཕྲིན་དྲ་བའི་ལས་སྟེགས་སྐྲུན་དགོས་ཞེས་བཏོན་ཡོད།

    “གློག་སྡོང་སྡེ་ཁུལ་དུ་འཛུགས་དཀའ་བའི”གནད་དོན་ལ་དམིགས་ནས་བསམ་འཆར་ནང་རྒྱུན་སྡོད་ཁུལ་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་བཏོན་པ་སྟེ། སྒྲིག་ཆས་སྒྲིག་སྦྱོར་ཐད་ད་ཡོད་རྒྱུན་སྡོད་ཁུལ་དུ་གཏན་འཇགས་ཀྱི་རླངས་འཁོར་འཇོག་སར་གློག་གསོག་རྨང་གཞིའི་སྒྲིག་བཀོད་སྒྲིག་སྦྱོར་བྱེད་པར་སྐུལ་འདེད་མགྱོགས་པོ་གཏོང་དགོས་པ་དང་། རྒྱུན་སྡོད་ཁུལ་གསར་པར་གློག་གསོག་རྨང་གཞིའི་སྒྲིག་བཀོད་སྒྲིག་སྦྱོར་གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། མཐུན་སྦྱོར་ལམ་སྲོལ་ཐད་གྲོང་ཁྱེར་ཚན་པར་བྱས་ནས་རྒྱུན་སྡོད་ཁུལ་གྱི་གློག་གསོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དོ་དམ་ཕྱོགས་སྟོན་མགྱོགས་མྱུར་བཟོས་ཏེ། སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་དོ་དམ་བྱེད་པའི་གོ་རིམ་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། ཞབས་འདེགས་འགན་ལེན་ཐད་གློག་གསོག་གཉེར་སྐྱོང་ཁེ་ལས་སོགས་ཀྱིས་ཁང་བདག་གི་མངགས་བཅོལ་དང་ལེན་བྱས་ཏེ། གློག་གསོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གཉེར་སྐྱོང་། སྲུང་སྐྱོང་སོགས་ཀྱི་ཞབས་འདེགས་གཅིག་གྱུར་ཞུ་དགོས་པའི་སྐུལ་ལྕག་བྱས་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།