ཀྲུང་ཧྭའི“ཆུ་གསོག་མཐོ་ལྕོག”ཡག་པོ་སྲུང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དེ་སྐྱེ་ཁམས་ལ་ཡོད་པ་དང་། འགན་འཁྲི་ཆེ་ཤོས་དེ་སྐྱེ་ཁམས་ལ་ཡོད་པ། མངོན་མེད་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་ཡོད་པས། ངེས་པར་དུ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་དམ་འཛིན་བྱས་ཏེ། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་བསྐྲུན་ནས་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་བྱེད་དགོས”ཞེས་གསུངས་ཡོད། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཆུ་བོ་གསུམ་གྱི་ཆུ་འགོ་མཚོ་སྔོན་དུ་ཡོད་ཅིང་། གཙང་པོ་དང་ཆུ་བོ་དེ་དག་གིས་ཀྲུང་ཧྭའི་ཤེས་དཔལ་གྱི་ཞིང་ས་བརླན་ཡོད་ལ། ཨེ་ཤེ་ཡའི་ཤེས་དཔལ་འཕེལ་རྒྱས་ལའང་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད། གཙང་གསུམ་ཆུ་འགོ་སྲུང་སྐྱོང་ཡག་པོ་དང“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་ཡག་པོ་བྱེད་པ་ནི་མཚོ་སྔོན་གྱི་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་རེད། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཡོངས་ཀྱི་སྔོན་དུ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་བྱེད་འགོ་བཙུགས་ཏེ། རྒྱལ་ཁབ་སྤྱི་གླིང་གིས་གཙོས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུར་མདུན་གྲལ་དུ་སྐྱོད་པ་དང་གྲུབ་འབྲས་ཆེན་པོ་ཐོབ་ཡོད།
མཚོ་བོད་ས་མཐོའི་རྒྱལ་ཁབ་སྤྱི་གླིང་ཚོགས་འཛུགས་སྐྲུན་བྱེད་པ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཚོ་བོད་ས་མཐོའི་རི་ཀླུང་ཀུན་ཏུ་གསོན་ཉམས་དོད་པོས་ལག་ལེན་བསྟར་བའི་མཚོན་ཚུལ་ཞིག་རེད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ཁུལ་དང་པོ་དང་ཁག་དང་པོའི་གླིང་བཙུགས་པ་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་གྱི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བའི་བར་དང་། དེ་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བརྟན་དུ་བཏང་བའི་བར་མཚོ་སྔོན་གྱིས་ས་མཐོའི་ཁྱད་ཆོས་ལྡན་པ་དང་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་མགྱོགས་མྱུར་གཏོད་བཞིན་ཡོད་པ་རེད། མཚོ་བོད་ས་མཐོའི་རྒྱལ་ཁབ་སྤྱི་གླིང་ཚོགས་བསྐྲུན་པས་མཚོ་བོད་ས་མཐོའི་རང་བྱུང་སྐྱེ་ཁམས་མ་ལག་གལ་ཆེན་དང་། སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཁུལ། དམིགས་བསལ་མཛེས་ལྗོངས་ཀྱི་རྗེས་ཤུལ་བཅས་ལ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་ཐུབ་ཡོད།
སྒྱུར་བཅོས་ལ་བརྟེན་ནས་གསོན་ཤུགས་འཕེལ་བར་བྱེད་དགོས་ཤིང་། རྒྱལ་ཁབ་སྤྱི་གླིང་འཚོལ་ཞིབ་འཛུགས་སྐྲུན་བྱ་རྒྱུ་ནི“ཤོག་བུ་དཀར་པོའི་སྟེང་རི་མོ་འབྲི་བ”ལྟ་བུ་ཡིན་པས་འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་ཐོག་ནས་འཛུགས་སྐྲུན་བྱེད་དགོས་ལ། སྐྱེ་ཁམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཀྱང་གཏོང་དགོས། དེ་བྱེད་པར་ངེས་པར་དུ་སྒྱུར་བཅོས་ཀྱིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། སྒྱུར་བཅོས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་ཀྱིས་གསོན་ཤུགས་འཕེལ་བར་བྱེད་པ། སྒྱུར་བཅོས་ཀྱི་བསམ་ཕྱོགས་ལ་བརྟེན་ནས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ། སྒྱུར་བཅོས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་བ། ནུས་ཤུགས་ཡོད་རྒུས་སྒྱུར་བཅོས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་མཚོ་སྔོན་གྱིས་གྲོས་འགོ་མང་ཡང་ཐག་གཅོད་མ་ཐུབ་པའི་རྣམ་པ་རྙིང་པ་མེད་པར་བཟོས་ཏེ་ཚོད་ལྟའི་ཁུལ་ནང་གི་རིགས་6གི་སྲུང་སྐྱོང་ཁུལ་15དང་དེ་བཞིན་དེ་མཚུངས་ཀྱི་དོ་དམ་སྒྲིག་གཞི་བསྡུ་སྒྲིལ་བྱས་ནས་སྲིད་འཛིན་བྱ་གཞག་གི་སྒྲིག་ཁོངས་གཅིག་ཀྱང་མང་དུ་མི་བཏང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཁོངས་གཏོགས་ཁུལ་གྱི་དེ་མཚུངས་སྒྲིག་གཞི་བཅད་སྤྲོད་རྩིས་སྒྱུར་བྱས་ཡོད། དོ་དམ་ཅུས་ཀྱིས་སྣེ་ཁྲིད་པ་དང་། དོ་དམ་ཨུ་ལྷན་གྱིས་འདེགས་སྐྱོར་བྱེད་པ། སྲུང་སྐྱོང་ས་ཚིགས་རྟེན་གཞིར་བྱེད་པ། གྲོང་ཚོར་ཁྱབ་པ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དོ་དམ་གྱི་སྒྲིག་སྲོལ་གསར་པ་བཙུགས་ནས་ཚན་ཁག་གཅིག་གིས་ཆ་ཚང་ལ་དོ་དམ་མཐར་ཕྱིན་པ་བྱས་ཏེ་གཙང་གསུམ་ཆུ་འགོའི་ས་ཁོངས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་གི་ཆེད་དོན་ཁྲིམས་སྲོལ《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》བཏོན་ནས་རྒྱལ་ཁབ་སྤྱི་གླིང་ནང་གི་ཁྲིམས་འགལ་བྱེད་སྤྱོད་རིགས་17ལ་བཅའ་ཁྲིམས་ཀྱི་འགན་འཁྲི་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་ཁྲིམས་སྐྱོང་གི་བསམ་གཞིགས་ལ་བརྟེན་ནས་སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་པོ་བསྐྲུན་དགོས། སྤྱི་དམངས་དང་སྤེལ་རེས་བྱེད་སྟངས་གསར་གཏོད་བྱས་ཤིང་། ཚོད་ལྟའི་ལས་དོན་གྱི་ཐོག་མའི་དུས་སུ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་གཞུང་ཕྱོགས་དྲ་ཚིགས་དང་། དཔོད་ཆུང་། སྐད་འཕྲིན་སྤྱི་རྟགས་བཅས་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་ཏེ་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ནང་ཐོན་པའི་གཞུང་ཕྱོགས་ཀྱི“དཔོད་ཆུང་དང་། སྐད་འཕྲིན། དྲ་བ”བཅས་ཐོག་མ་དེར་གྱུར་ཡོད།
ཚན་རྩལ་ལ་བརྟེན་ནས་སྒུལ་ཤུགས་ཆེ་རུ་གཏོང་དགོས་ཤིང་། རྒྱལ་ཁབ་སྤྱི་གླིང་བསྐྲུན་ནས་སྐྱེ་ཁམས་ཀྱི་མཐའ་ཚད་བསྲུངས་པར་ངེས་པར་དུ་ཚན་རྩལ་གྱི་སྟོབས་ཤུགས་ལ་བརྟེན་དགོས། སྦགས་བཙོག་གི་འབྱུང་ཁུངས་གཙོ་བོར་ལྟ་ཞིབ་ཚད་ལེན་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན། ཁོར་ཡུག་སྲུང་སྐྱོང་ལ་ལྟ་སྐུལ་དོ་དམ། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭའི་ཕན་འབྲས་ལ་ཚན་རིག་དང་མཐུན་པར་གདེང་འཇོག་བཅས་བྱེད་པར་ཚན་རྩལ་གྱི་འདེགས་སྐྱོར་བྱེད་དགོས། མཚོ་སྔོན་གྱིས་གཅིག་གྱུར་གྱི་ལྟ་ཞིབ་ཚད་ལེན་འཆར་འགོད་དང་། རྨང་གཞིའི་ས་ཚིགས་གཅིག་གྱུར། ཚད་གཞི་གཅིག་གྱུར་བཅས་ཀྱི་བླང་བྱ་གཞིར་བཟུང་།“མཁའ་དབྱིངས་དང་། བར་སྣང་། ས་གཞི་བཅས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ལེ་དབར་ཁྲི་ཡི་ས་མཐོར་གནམ་མིག་གི་དྲ་བ་ཆེན་པོ་ཞིག་བཏོད་ཡོད། རང་རྒྱལ་གྱིས་བཟོས་པའི་དབྱེ་འབྱེད་མཐོ་བའི་སྲུང་སྐར་ལ་བརྟེན་ནས་གཙང་གསུམ་ཆུ་འགོའི་སྔོ་ཁེབས་དང་ཆུ་གཟུགས་སོགས་སྐྱེ་ཁམས་ཀྱི་ཆ་འཕྲིན་དབྱེ་འབྱེད་ཐུབ་ཚད་དང་མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་ཆ་འཕྲིན་གནད་འཁེལ་ཐུབ་ཚད་བཅས་མཐོ་རུ་བཏང་ཡོད། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཚན་ཞིབ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ། བདག་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་མཚོ་སྔོན་ས་མཐོའི་ས་གཞི་ཆེ་མོ་འདི་ཉིད་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཞིག་ཏུ་བསྐྲུན་རྒྱུ་རེད། ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་སྲུང་སྐྱོང་ལ་ཕན་འབྲས་རགས་ཙམ་ཐོན་ཡོད། ཚོད་རྩིས་བྱས་པ་ལྟར་ན། མཚོ་སྔོན་ས་ཁོངས་ནང་གི་ཆུ་བོའི་ལོ་རེའི་རྒྱུག་ཚད་ལོ་མང་རིང་གི་ཆ་སྙོམས་གྲངས་འབོར་དང་བསྡུར་ན་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་། ས་ངོས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་རིགས་IIཡན་ཟིན་པ། ཆུ་རྩ་གསོ་སྐྱོང་ཁུལ་གྱི་ནུས་པ་རྒྱུན་མཐུད་དེ་ཆེ་རུ་ཕྱིན་པ་བཅས་རེད།
མཉམ་སྐྲུན་མཉམ་སྤྱོད་ཀྱི་མཉམ་ཤུགས་ཆགས་པར་བྱེད་དགོས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དེ་མི་ཚང་མ་དང་འབྲེལ་བ་དམ་ཟབ་ཡོད་པས་སྤྱི་ཚོགས་ཡོངས་སུ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སྐྱེ་ཁམས་ཤེས་དཔལ་འདུ་ཤེས་ཟབ་ཏུ་བཏང་ནས་མི་རྣམས་ལྗང་མདོག་གི་འཚོ་བ་སྐྱེལ་མཁན་དང་དེར་སྐུལ་འདེད་གཏོང་མཁན་ཞིག་བྱེད་དུ་འཇུག་དགོས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་མཉམ་སྐྲུན་མཉམ་སྤྱོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་བྱ་ཆེད་སྤྱི་ཚོགས་ཡོངས་ཀྱི་མཉམ་ཤུགས་གཅིག་སྒྲིལ་བྱེད་དགོས། གཙང་གསུམ་ཆུ་འགོས་མཚོན་བྱེད་དུ་བྱས་པའི་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་ཕན་ཚུན་གཅིག་གྱུར་ཡོང་རྒྱུར་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་ཞིང་འབྲོག་ཐོན་སྐྱེད་དང་། ཞིང་འབྲོག་འཚོ་བ། རང་བྱུང་སྐྱེ་ཁམས་བཅས་ཡག་པོ་ཡོང་བར་བྱས་ཡོད། མཚོ་སྔོན་གྱིས་གཙང་གསུམ་ཆུ་འགོར“དུད་ཚང་རེར་ལས་གནས་རེའི”སྐྱེ་ཁམས་བདག་སྐྱོང་གི་སྤྱི་ཕན་ལས་གནས་བཙུགས་པས་མིག་སྔར་སྐྱེ་ཁམས་བདག་སྐྱོང་བ་ཁྲི་1.7ལྷག་ཙམ་གྱིས་ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་བསྐྱོད་ཡོད། མ་དངུལ་འབོར་ཆེན་སྐྱེ་ཁམས་བདག་སྐྱོང་གི་ཁ་གསབ་ཐད་བཏང་བས་དུད་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་མང་དུ་ཕྱིན་པ་དང་། སྐྱེ་ཁམས་བདག་སྐྱོང་བ་རྣམས་ཐོན་ཁུངས་བེད་སྤྱོད་བྱེད་མཁན་ནས་སྐྱེ་ཁམས་སྲུང་སྐྱོང་བ་དང་ཕན་པ་ཐོབ་མཁན་ལ་འགྱུར་ནས་བདག་སྐྱོང་དྲ་བ་ཁོངས་གཏོགས་ཀྱི་ས་ཆ་ཚང་མར་ཁྱབ་ནས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་གཞི་རིམ་གྱི་དྲ་རྒྱའི་རྨང་གཞི་བརྟན་དུ་བཏང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར“དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་སྤོབས་པ་ཞིག་ཏུ་འགྱུར་བ་བྱས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཕ་ཚ་བུ་རྒྱུད་ལ་ཕན་པ་སྐྲུན་དགོས་པའི”བཀའ་མངགས་གནང་ཡོད། འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་ཏེ་ང་ཚོས“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ཏེ་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སྤུས་ཚད་མཐོ་པོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་མཚོ་བོད་ས་མཐོར་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་གསར་པ་ཞིག་སྔར་བས་ཆགས་པར་བྱེད་པ་དང་རྒྱལ་ཁབ་སྤྱི་གླིང་གིས་གཙོས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་ཡག་པོ་བཙུགས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་ཆེད་མཚོ་སྔོན་གྱི་འགན་འཁྲི་འཁུར་སེམས་མངོན་པ་དང་མཚོ་སྔོན་གྱི་ལེགས་སྐྱེས་ཧུར་ཐག་འབུལ་དགོས།
(རྩོམ་པ་པོ་ནི་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཡིན)