དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་མྱུར་ཚད་དངོས་འབྲེལ་ཧང་སངས་དགོས་པ་ཞིག་འདུག”

    —— ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་མྱུར་བགྲོད་གཞུང་ལམ་གྱིས་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-15

    འདི་ནི་ཟླ་5ཚེས་26ཉིན་ཁོ་ཐེ་ཏི་ཝོར་གྱི་གྲོང་ཁྱེར་པུའུ་ཝ་ཁའེ་ནས་པར་བླངས་པའི་ཐེ་པུའུ་མྱུར་བགྲོད་གཞུང་ལམ་ཡིན་པ།

    “ཀྲུང་གོའི་མྱུར་ཚད་དངོས་འབྲེལ་ཧང་སངས་དགོས་པ་ཞིག་འདུག རྣམ་གྲངས་ཀྱི་འཕེལ་རིམ་མགྱོགས་པ་མ་ཟད། ང་ཚོའི་འཚོ་བ་དེ་བས་ཡག་ཏུ་ཕྱིན་སོང་། འདི་གར་ལས་ཀ་བྱེད་རྒྱུ་བྱུང་བར་རང་ཉིད་སྤོབས་པ་ཆེན་པོ་སྐྱེ་གི་འདུག” ཁོ་ཐེ་ཏི་ཝོར་གྱི་ཐེ་པི་སུའུ་ནས་པུའུ་ཝ་ཁའེ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས(གཤམ་དུ་ཐེ་པུའུ་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་ཞེས་བསྡུ་རྒྱུ)སུ་ལས་ཀ་བྱེད་མཁན་ས་གནས་དེ་གའི་ཁ་ལོ་བ་སུའོ་ལུའོ་ཡིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་དེ་ལྟར་བརྗོད།

    ཁོ་ཐེ་ཏི་ཝོར་གྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་ཡིན་པའི་པུའུ་ཝ་ཁའེ་རུ་ཡངས་ཤིང་ཁོད་སྙོམས་པའི་མྱུར་བགྲོད་གཞུང་ལམ་གྲོང་ཁུལ་ནས་ལྷོ་ངོས་སུ་སྣུར་སྲིང་བྱས་ཏེ་ཁོ་ཐེ་ཏི་ཝོར་གྱི་དབུས་ལྷོའི་རྒྱུད་ཀྱི་གྲོང་རྡལ་ཐེ་པི་སུའུ་བར་ཤར་གཏོང་ཐུབ་ཡོད། མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་དང་སྦག་སྦག་རྒྱུན་ཆད་མེད་པར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པས། མང་ཚོགས་ཚོས་ལམ་གསར་པ་དེར་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད།

    གྲོང་མི་སའེ་ཏེ་ལི་ཁེས་གསར་འགོད་པར“ད་ཆ་ལམ་ངོས་དེ་བས་ཁོད་སྙོམས་སུ་ཕྱིན་ནས་བཀག་དངོས་དང་ས་དོང་མེད་པས། གཞུང་ལམ་ཧ་ཅང་ལེགས་སུ་ཕྱིན་པ་དང་འགྲིམ་འགྲུལ་བདེ་འཇགས་ཀྱང་འགན་ལེན་ཐུབ་ཡོད”ཅེས་བརྗོད།

    ཐེ་པུའུ་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་དེ་ཀྲུང་གོ་ལམ་ཟམ་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིས(གཤམ་དུ་ཀྲུང་གོ་ལམ་ཟམ་ཞེས་བསྡུ་རྒྱུ)སྐྲུན་འགན་འཁུར་བ་དང་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་95.6ཟིན་ནས་ཉེ་ཆར་ལས་གྲྭ་གཙོ་བོ་བསྐྲུན་ཟིན་པ་དང་ལམ་ཐིག་ཁག་གཅིག་སྤྱོད་འགོ་ཚུགས་ཡོད་པ་རེད། རྣམ་གྲངས་དེ་ནི་ཁོ་ཐེ་ཏི་ཝོར་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་ཨ་མའི་ཆ་ཤས་ཤིག་ཡིན་པ་དང་བསྐྲུན་རྗེས་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་རྒྱལ་ས་ཨ་པི་རང་དང་ཆབ་སྲིད་རྒྱལ་ས་ཡ་མོ་སོ་ཁེ་རོ་དང་པུའུ་ཝ་ཁའེ་སོགས་གྲོང་ཁྱེར་གཙོ་བོའི་དབར་གྱི་གཞུང་ལམ་དྲ་བ་ཤར་གཏོང་ཐུབ་པའི་ནུས་པ་ཆེ་རུ་ནུས་ལྡན་འགྲོ་རྒྱུ་ཡིན་པ་དེས་ས་ཁོངས་དབར་གྱི་མཉམ་འགུལ་ལ་སྐུལ་འདེད་དང་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    པུའུ་ཝ་ཁའེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཅི་པོས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“སྔོན་ཆད་ཨ་པི་རང་ནས་པུའུ་ཝ་ཁའེ་དབར་ཆུ་ཚོད་བཞི་ལྔ་ཙམ་འགོར་གྱི་ཡོད། མྱུར་བགྲོད་གཞུང་ལམ་ཡོད་པས་ང་ཞོགས་པའི་ཆུ་ཚོད་ལྔ་པར་ཐོན་ན་ཆུ་ཚོད་བརྒྱད་པར་གཞུང་ལས་ཁང་དུ་སླེབས་ཀྱི་འདུག”དང“གཞུང་ལམ་འདི་ལས་ང་ལ་ཀྲུང་གོའི་མྱུར་ཚད་མྱོང་ཚོར་ཟབ་མོ་བྱུང”ཞེས་བརྗོད།

    “ཐེ་པུའུ་མྱུར་བགྲོད་གཞུང་ལམ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་མཉམ་ལས་ཀྱི་གྲུབ་འབྲས་ཤིག་རེད། འདི་ལོ་ནི་ཁོ་ཀྲུང་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བའི་ལོ་ཞིག་རེད། ང་ཚོས་དངོས་སྒྲུབ་མཉམ་ལས་དེ་རིགས་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུའི་རེ་བ་ཡོད། འབྱུང་འགྱུར་ཀྲུང་གོ་ལམ་ཟམ་གྱིས་ཁོ་ཐེ་ཏི་ཝོར་དུ་རྣམ་གྲངས་དེ་བས་མང་བ་སྐྲུན་འགན་འཁུར་རྒྱུ་ཡིན་པ་དང་། ང་ཚོས་ལས་གྲྭའི་སྤུས་ཚད་ལ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད”ཅེས་ཅི་པོས་བརྗོད།

    དེང་གི་ནམ་དུས་ནི་ཁོ་ཐེ་ཏི་ཝོར་གྱི་ཆར་དུས་ཡིན་སྟབས། གྲོང་ཁྱེར་པུའུ་ཝ་ཁའེ་རུ་ཉིན་ཤས་བསྟུད་མར་ཆར་པ་བབས་ཀྱང་ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་རྒྱལ་ཁབ་གཉིས་པོའི་ལས་བཟོས་ད་དུང་བཀག་བཅད་ཁུལ་དུ་ཨར་འདམ་ལུགས་རྒྱག་བཞིན་ཡོད་པ་དེ་ནི་རྣམ་གྲངས་དེའི་མཇུག་བསྡུའི་ལས་ཀ་རེད། ལས་ཀ་བསྒྲུབས་རྗེས་ཀྱི་ཐེ་པུའུ་མྱུར་བགྲོད་གཞུང་ལམ་རྣམ་གྲངས་དེ་ཁོ་ཐེ་ཏི་ཝོར་ཕྱོགས་ལ་ཞིབ་བཤེར་རྩིས་ལེན་བྱ་རྒྱུར་རྩིས་སྤྲོད་རྒྱུ་དང་འབྲེལ་དུས་ཚོད་བཟོས་ནས་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་བྱ་རྒྱུ་རེད།

    རྣམ་གྲངས་ཚད་ལེན་མཁན་ཏན་ཉིར་གྱིས། རྣམ་གྲངས་དེར་ཐོག་མར་ལས་ཀ་བྱེད་པར་སླེབས་སྐབས་རང་ཉིད་ལ་ཕན་ཚུན་འབྲེལ་བ་བྱེད་པའི་གནད་དོན་ཐད་སེམས་ཁྲལ་ཆེན་པོ་བྱུང་། རྗེས་སུ་ཀྲུང་གོ་ཕྱོགས་ཀྱི་མི་སྣས་ཧྥ་རན་སེའི་སྐད་སྦྱངས་པ་མ་ཟད། ནམ་རྒྱུན་སྐད་ཆ་ཤོད་སྐབས་ད་དུང་ས་གནས་དེ་གའི་སྐད་དང་ཐ་སྙད་ཀྱང་བེད་སྤྱོད་བྱེད་ཀྱི་ཡོད་པས་སྤེལ་རེས་ཐད་སྐད་བརྡ་འཕྲོད་ཙམ་འདུག་ཅེས་བརྗོད། “རྣམ་གྲངས་བསྐྲུན་ཐུབ་པ་དེ་གྲོགས་པོ་ཀྲུང་གོ་བའི་བརྩི་འཇོག་དང་བསྟན་མཁས་ཀྱི་གཤིས་རྒྱུད་དང་ཁ་འབྲལ་ཐབས་མེད། ཁོང་ཚོ་ཕ་ཡུལ་ནས་ཁ་བྲལ་ཏེ་ཁོ་ཐེ་ཏི་ཝོར་ཡོང་ནས་ས་གནས་དེ་གའི་རིག་གནས་ནང་མཉམ་འདྲེས་ཧུར་ཐག་བྱེད་པ་དང་སྔོན་ཐོན་ལག་རྩལ་འཁྱེར་ཡོད་པ་རེད། དེ་ནི་ལྷག་བསམ་ཟོལ་མེད་ཅིག་ཡིན་ལ་ང་ཚོས་ཀྱང་ལྷག་བསམ་ཟོལ་མེད་བྱེད་ཀྱི་ཡིན”ཞེས་ཁོང་གིས་བརྗོད།

    “སྔོན་ཆད་རྣམ་གྲངས་གཉེར་ཡུལ་གྱི་ཉེ་འགྲམ་གྲོང་ཚོར་ལམ་ཆུང་ཞིག་ལས་མེད་སྟབས། ས་གནས་དེ་གའི་གྲོང་མི་རྣམས་གྲོང་རྡལ་དུ་སྐྱོད་སྐབས་སྤྱི་ལེ་བཅུ་ལྷག་ཙམ་འགོར་གྱི་ཡོད། ང་ཚོས་ལམ་རྒྱ་ཆེ་རུ་གཏོང་རོགས་བྱས་པ་མ་ཟད། འཕྲོད་བསྟེན་ཁང་བཙུགས་པ་དང་། སློབ་གྲྭར་སྒྲོག་ཙེ་དང་། རྐུབ་བཀྱག དཔེ་དེབ་བཅས་ཀྱང་ཞལ་འདེབས་བརྒྱབ་པ་ཡིན”ཞེས་རྣམ་གྲངས་ཀྱི་ལས་བཟོ་ལེའོ་ཤིན་ཁུན་གྱིས་གསར་འགོད་པར་བརྗོད།

    རྣམ་གྲངས་ཀྱི་ཅིང་ལི་ཧྲུའུ་དབྱི་ལིས། ཐེ་པུའུ་མྱུར་བགྲོད་གཞུང་ལམ་རྣམ་གྲངས་ཚོགས་པས་རང་བྱུང་ཁོར་ཡུག་ཞན་པ་དང་། ལག་རྩལ་གྱི་ཚད་གཞིར་ཧེ་བག་ཡོད་པ། སྒྲིག་ཆས་དང་དངོས་ཟོག་དཀོན་པ། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་སོགས་ཀྱི་རྒྱུ་རྐྱེན་ངན་པ་ཁྱད་བསད་བྱས་ནས་དུས་བཀག་ལྟར་རྣམ་གྲངས་ཀྱི་ཨར་ལས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ལམ་རྒྱུད་ཀྱི་གྲོང་མིར་ལས་ཞུགས་ལས་གནས་2000ལྷག་ཙམ་བཏོད་ཡོད་ཅེས་བརྗོད་པ་རེད།

    “ང་ཉིན་ལྟར་ལམ་འདི་ནས་ལས་ཀར་འགྲོ་གི་ཡོད། ང་ཚོ་རང་ཉིད་ཀྱིས་བསྐྲུན་པའི་ལམ་བུའི་ཐོག་བསྐྱོད་རྒྱུ་བྱུང་བར་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག གྲོང་ཚོའི་ན་གཞོན་མང་ཆེ་བར་རྣམ་གྲངས་ཁུལ་ནས་ལས་ཀ་རག་པ་མ་ཟད། སྦག་སྦག་དང་ཁང་པ་གསར་པ་ཡང་མང་དུ་ཕྱིན་ཡོད། ཚང་མས་ཉིན་ལྟར་སྦག་སྦག་བཞོན་ཏེ་ལས་ཀར་སྐྱོད་ཀྱི་ཡོད་པས། འཕྲུལ་འཁོར་གྱི་ལྡིར་སྒྲ་ཐོས་སྐབས་གཞུང་ལམ་གྱིས་གྲོང་ཚོར་སྦྱིན་པའི་གསོན་ཤུགས་མྱོང་ཚོར་ཐུབ་ཀྱི་འདུག”ཅེས་ཏན་ཉིར་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།