ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་སྨྱན་སྦྱོར་ལྟེ་གནས་གཙོ་བོ་ཚོད་ལྟ་གཉེར་སྐྱོང་བྱེད་འགོ་ཚུགས་པ།
ཉེ་ཆར། ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་སྨྱན་སྦྱོར་ལྟེ་གནས་གཙོ་བོ(MMC)ཚོད་ལྟ་གཉེར་སྐྱོང་བྱེད་འགོ་ཚུགས་ནས་འཛམ་གླིང་ས་གནས་ཁག་གི་སྨྱན་སྦྱོར་གསར་འགོད་པ་བསུས་པ་འདི་ནི་ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ར་གཉེར་སྐྱོང་བྱེད་པའི་མཚོན་རྟགས་རང་བཞིན་གྱི་མཚམས་ཚིགས་གལ་ཆེན་ཞིག་རེད།
གསར་འགྱུར་ལྟེ་གནས་གཙོ་བོའི་ནང་སྨྱན་སྦྱོར་ལས་དོན་ཁང་དང་། གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན། སྨྱན་སྦྱོར་བཅར་འདྲི་ཁང་སོགས་ཚུད་ཡོད། སྨྱན་སྦྱོར་ལས་དོན་ཁང་རྒྱ་ཆེ་ཞིང་དཀར་ཆ་དོད་ལ་གཞུང་ལས་དང་ཞབས་ཞུའི་སྒྲིག་བཀོད་ཆ་ཚང་བ་མ་ཟད། ད་དུང་LEDབརྙན་ཤེལ་ཆེ་མོ་དང་བརྙན་འཕྲིན་ཡང་བསྒར་ནས་སྨྱན་སྦྱོར་གསར་འགོད་པས་འགོ་ཚུགས་མཛད་སྒོ་དང་། མཇུག་འགྲིལ་མཛད་སྒོ དེ་བཞིན་འགྲན་བསྡུར་ཐད་གཏོང་དུས་ཐོག་ཏུ་ལྟ་ཐུབ་པ་བྱས་ཡོད། གསར་འགྱུར་ལྟེ་གནས་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དེ་དོམ་ཁྲ་ཚོམས་ཆེན་དང་ཁམ་དཀར་ཚོམས་ཆེན་གཉིས་སུ་དབྱེ་ཡོད་པ་མ་ཟད། ཚོམས་ཆེན་དེ་གཉིས་ཀར་དུས་གཅིག་ཏུ་སྐད་སྒྱུར་ཁང་བཀོད་སྒྲིག་བྱས་ནས་སྐད་བརྡ་མཉམ་སྒྲོག་ཞབས་ཞུ་མཁོ་འདོན་བྱས་ཡོད།
རྒྱལ་སྤྱི་རྒྱང་བསྒྲགས་ལྟེ་གནས་ཀྱིས་ཕྱི་རྒྱལ་གྱི་དམིགས་བསལ་དབང་བསྐུར་བརྒྱུད་བསྒྲགས་ཚོང་པ་20ལྷག་ཙམ་དང་དེ་བཞིན་རྒྱལ་ནང་གི་དམིགས་བསལ་དབང་བསྐུར་བརྒྱུད་བསྒྲགས་ཚོང་པ་35ལ་བརྒྱུད་བསྒྲགས་ཞབས་འདེགས་ཞུ་འགན་འཁུར་ཡོད། དེ་ག་ནས་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་དང་། མཇུག་འགྲིལ་མཛད་སྒོ དེ་བཞིན་འགྲན་བསྡུར་རྣམ་གྲངས་ཁག་གི་བརྙན་འཕྲིན་སྤྱི་སྤྱོད་བརྡ་རྟགས་གོ་ལ་ཧྲིལ་པོར་གཏོང་གི་ཡོད་པ་དང་། དེ་དང་ཆབས་ཅིག སྨན་བཅོས་ས་ཚིགས་དང་། ལྟ་ཀློག་བྱེད་ས། འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་གཞུང་ཕྱོགས་ཀྱི་དམིགས་འཁྲོལ་ཚོང་ཟོག་སིལ་ཚོང་ཁང་སོགས་ལེ་ལག་ཚང་སྒྲིག་གི་ཞབས་ཞུ་ཁུལ་ཡང་བཀོད་སྒྲིག་བྱས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྨྱན་སྦྱོར་ལྟེ་གནས་གཙོ་བོ་ཟླ་7ཚེས་25ཉིན་ནས་བཟུང་ཆུ་ཚོད་ཉེར་བཞི་གཉེར་སྐྱོང་བྱ་རྒྱུ་དང་། འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་རིང་ཉིན་30རྒྱུན་མཐུད་གཉེར་སྐྱོང་བྱ་རྒྱུ་ཡིན་པས་གཉེར་སྐྱོང་བྱེད་ཡུན་རིང་ཤོས་ཀྱི་འགྲན་བསྡུར་བྱ་ཡུལ་མིན་པའི་འགྲན་རར་གྱུར་ཡོད་པ་རེད།