དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་སྟེ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།

    —— བརྗོད་དོན་གཙོ་བོའི་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-07-15

    “ལས་དོན་སྒྲུབ་པའི་སྟོན་ཕྱོགས་སྲོང་བ་དང་། ལས་དོན་སྒྲུབ་པའི་སྒུལ་ཤུགས་འཕེལ་བ་བྱས་ནས། ལས་དོན་སྒྲུབ་པའི་མཉམ་ཤུགས་ཆགས་པར་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་ཆར་ཅང་སུའུ་རུ་རྟོག་ཞིབ་གནང་སྐབས“སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར”དམིགས་ནས་བླང་བྱ་ཁ་གསལ་བཏོན་གནང་བ་དང་། ཁོང་གིས“དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱེད་པར་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རང་འགུལ་ངང་དོན་འཁྱོལ་ལ་དམ་འཛིན་ཧུར་ཐག་བྱེད་པ། དམངས་ཤུགས་གཅིག་ཏུ་བསྒྲིལ་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། དངོས་ཡོད་གནད་དོན་ལ་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཐད་ཕན་འབྲས་གསར་པ་ཐོན་པ་བཅས་བྱེད་དགོས་པའི”ནན་བཤད་གནང་བ་རེད།

    དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་ནི་ཏང་གི་ཆབ་སྲིད་ལམ་ཕྱོགས་དང་། བསམ་བློའི་ལམ་ཕྱོགས། མང་ཚོགས་ལམ་ཕྱོགས་བཅས་ཀྱི་རྩ་བའི་བླང་བྱ་རེད་ལ། འགོ་ཁྲིད་ལས་བྱེད་པའི་ཏང་གཤིས་དང་སྲིད་སྐྱོང་ལས་རྗེས་ཀྱི་ལྟ་བར་བསྡུར་ཞིབ་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་རེད། དེས་ན། འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ཞིང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུའི་དམིགས་ཚད་ལས་འགན་དང་། འཐབ་ཇུས་བཀོད་སྒྲིག བྱེད་ཐབས་གལ་ཆེན་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་། ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱེད་པའི་ཇུས་གཞི་ཞིབ་ཕྲ་དང་བྱེད་ཐབས་ཞིབ་ཕྲ་ལག་བསྟར་ཡག་པོ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་ཏན་ཏིག་བྱས་ཚེ། གཞི་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་པ་བརྟན་པོ་ཞིག་སྤོ་ཐུབ། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་བརྒྱུད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཁྲོད་ནས་འབད་འབུངས་ཡར་བརྩོན་གྱི་བློ་གྲོས་དང་སྟོབས་ཤུགས་བླངས་ཏེ་དེའི་ནང་འདུས་པའི་འགོ་ཁྲིད་བྱེད་ཐབས་དང་། བསམ་བློ་གཏོང་སྟངས། ལས་ཀ་བྱེད་སྟངས་བཅས་ཁོང་དུ་ཆུད་པར་བྱས་ནས་རང་འགན་གཙང་སྒྲུབ་ཀྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། འཐབ་ཇུས་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས།

    རང་འགུལ་ངང་དོན་འཁྱོལ་ལ་དམ་འཛིན་ཧུར་ཐག་བྱེད་དགོས་ཤིང་། བསམ་བློ་ནི་བྱ་སྤྱོད་ཀྱི་སྣེ་ཁྲིད་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དང་དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྲིད་ཇུས་བྱེད་ཕྱོགས་དང་འཐབ་ཇུས་བཀོད་སྒྲིག་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ལ་གོ་བ་གཏིང་ཟབ་ལེན་པ། རང་རྒྱལ་འཕེལ་རྒྱས་གཏོང་རིང་འཕྲད་པའི་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན་གསར་པ། འཐབ་ཇུས་ཀྱི་དུས་མཚམས་གསར་པ། འཐབ་ཇུས་ཀྱི་བླང་བྱ་གསར་པ། འཐབ་ཇུས་ཀྱི་ཁོར་ཡུག་གསར་པ་བཅས་དང་ཟུང་འབྲེལ་དམ་ཟབ་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལས་འགན་ཁག་གི་དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བཅས་བྱས་ནས་ལག་བསྟར་དོན་འཁྱོལ་གྱི་རང་རྟོགས་རང་བཞིན་དང་བརྟན་པོའི་རང་བཞིན་ཆེ་རུ་གཏོང་དགོས།

    དམངས་ཤུགས་གཅིག་ཏུ་བསྒྲིལ་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ཤིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཡིན་པས། ཁྱོན་ཡོངས་ཀྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ། ནང་མཁོ་རྒྱ་ཆེར་ནུས་ལྡན་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་མགྱོགས་སུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས།  གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་བསྟར་བྱས་ཏེ་འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སོགས་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། དམངས་ཀྱི་སྟོབས་ཤུཌ་གཅིག་སྒྲིལ་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། རང་འགན་གཙང་སྒྲུབ། རང་འགན་རང་འཁུར། ཕན་ཚུན་མཐུན་སྦྱོར་བཅས་བྱས་ཏེ་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཤུགས་རྒྱག་སར་ཤུགས་བརྒྱབ་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་མི་སེར་ལ་ཕན་པ་ཐོབ་པའི་ལས་དོན་ཁག་ཏན་ཏིག་བསྒྲུབས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞི་རིམ་དུ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།

    གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ཤིང་། བྱ་གཞག་སྒྲུབ་པར་གཟེར་འདེབས་ཀྱི་སྙིང་སྟོབས་ལྡན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ། ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན། དྲིལ་བསྒྲགས་བསམ་བློ་དང་རིག་གནས་ཀྱི་གཙོ་ཁྲིད་དབང་ཆ་ཁོང་དུ་ཆུད་པ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་ལྡན། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན། སྒྱུར་བཅོས་གལ་ཆེན་ལ་སྐུལ་འདེད། རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་གི་དར་སྲོལ་གསར་པ་གཏོད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་སྦྲགས་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་སོགས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་འགག་རྩ་ནི་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བཀོད་སྒྲིག་ལ་དམ་འཛིན་དང་། དོན་འཁྱོལ་ལ་དམ་འཛིན། ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་བཅས་བྱས་ཏེ་རྒྱལ་ཁ་མཐར་ཕྱིན་མ་ཐོབ་བར་འཐབ་རྩོད་བྱེད་མཚམས་མ་བཞག་པས་རེད།

    དངོས་ཡོད་གནད་དོན་ལ་དམིགས་ཏེ་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ཤིང་། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་འཛིན་པ་ནི་མར་ཁེ་སི་རིང་ལུགས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་རེད་ལ། རང་རེའི་ཏང་གི་བསམ་བློ་གཏོང་སྟངས་དང་ལས་དོན་སྒྲུབ་སྟངས་གལ་ཆེན་ཞིག་ཀྱང་རེད། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་གནད་དོན་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། རྙོག་འཛིང་ཆེ་བའི་གནད་དོན་ནས་བྱ་དངོས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། གནད་དོན་ཐོན་མ་ཐག་ནས་བྱ་དངོས་ཀྱི་འཕེལ་ཕྱོགས་རང་བཞིན་ཤེས་པ། སྟེས་དབང་གི་གནད་དོན་ནས་བྱ་དངོས་ཀྱི་ལྡོག་མེད་རང་བཞིན་ངོས་འཛིན། གནས་ཚུལ་མཐིལ་རྟོགས་དང་། གནད་དོན་གནད་འཁེལ་འཚོལ་བ། ཐབས་ཇུས་ཏན་ཏིག་འདོན་པ་བཅས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་གནད་དོན་ཐག་གཅོད་དང་ལས་དོན་ལེགས་སུ་གཏོང་བའི་བྱ་ཐབས་དངོས་སུ་ཏན་ཏིག་སྒྱུར་དགོས། གནད་དོན་དག་ཐེར་ནི་བརྗོད་དོན་གཙོ་བོའི་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བའི་གནད་དོན་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ཕྲད་པའི་གནད་དོན། མང་ཚོགས་ཀྱིས་བསམ་འཆར་འདོན་མང་བའི་གནད་དོན་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ནས་རང་ཉིད་དེར་ཞུགས་པ་དང་། འགན་འཁྲི་ཧུར་ཐག་སྒྲུབ་པ། ལས་དོན་ཧུར་ཐག་སྒྲུབ་པ། གནད་དོན་རེ་རེ་བཞིན་དག་ཐེར་ལ་དམ་འཛིན་བཅས་བྱས་ཏེ། མི་དམངས་མང་ཚོགས་ལ་གནད་དོན་ཐག་གཅོད་ཀྱི་ཕན་འབྲས་དངོས་སུ་ཚོར་ཐུབ་པར་བྱེད་དགོས།

    དངོས་འཛིན་བྱས་ན་གཞི་ནས་འགག་སྒྲོལ་དཀའ་སེལ་ཐུབ་པ་དང་། དངོས་སྒྲུབ་བྱས་ན་གཞི་ནས་ཕུགས་འདུན་འགྲུབ་ཐུབ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕུགས་བསམ་བརྟན་གཏོང་དང་། ཏང་གཤིས་ལ་ཞུན་བརྡར། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་སྒྱུར་བ་དང་། སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་མཐའ་འཁྱོངས་བྱས་ཏེ་དངོས་སུ་དམ་འཛིན་བྱེད་པའི་སྟོབས་ཤུགས་དང་། དངོས་སུ་དམ་འཛིན་བྱེད་ཕོད་པའི་ངར་ཤུགས། དངོས་སུ་དམ་འཛིན་བྱེད་མཁས་པའི་ནུས་ཤུགས། རྒྱུན་དུ་དམ་འཛིན་བྱེད་པའི་སེམས་ཤུགས་བཅས་ཡོད་པར་བྱས་ནས་གོམ་སྟབས་རེ་རེ་བཞིན་ཏང་གི་ཚོགས་ཆེན་ཉི་ཤུ་པར་བཏོན་པའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དམིགས་སར་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་བྱས་ཚེ། ང་ཚོས་གཞི་ནས་བརྗིད་ཆེའི་འཆར་གཞི་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།