དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རུམ་ཐོན་ཟོག་སྣ་ཁ་མང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-15

    བོད་རུམ་གྱི་རྒྱུ་ཆར་དབྱེ་ན། འབྲི་གཡག་གི་རྩིད་པ་དང་ཁུ་ལུ་མཉམ་དུ་བཏགས་པའི་རུམ་ནི་འཇམ་ལ་སྤམ་པ་དང་དཀར་ནག་ཁ་གསལ་ལ་ཡང་པོ་ཡོད་པས། དེ་སྔ་སྐྱས་སྤོའི་འབྲོག་པ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། བལ་ལ་ཚོས་བརྒྱབ་ནས་བཏགས་པའི་རུམ་ནི་ཚོན་མདོག་དང་རི་མོ་ཕུན་སུམ་ཚོགས་པས། མི་ཕལ་ཚེ་བས་དགའ་པོ་བྱེད་པ་དང། སྲབ་མཐུག་སྙོམས་པས་ཁྲོམ་རར་མཐོང་མང་ཤོས་ཤིག་རེད། ད་དུང་འབྲི་གཡག་གི་ཁུ་ལུ་རྐྱང་པས་བཏགས་པའི་གདན་ནི་འཇམ་ལ་ཁུངས་མཐུག་པ་དང་། དྲོད་ཆེ་ལ་སྤྱོད་ཤེད་ཆེ་བ། མིའི་གཟུགས་པོར་མི་གནོད་པ་བཅས་ཀྱི་དགེ་མཚན་དུ་མ་ལྡན་རུང་ད་ཆ་ཁྲོམ་རར་ཧ་ཅང་མཐོང་དཀོན་པ་དང་ཉར་ཚགས་མཁན་ཚོས་རེ་གཉིས་ཉར་ཚགས་བྱས་ཡོད་པར་རིན་ཐང་སྒོར་ཁྲི3ཙམ་རི་གི་ཡོད།

    ད་ཆ་བོད་རུམ་རྙིང་པར་རིན་ཐང་ཆེ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་རྫས་འགྱུར་གྱི་ཚོས་མ་སྤྱད་པར་རྩྭ་རྩི་ཤིང་དང་རྡོ་ཚོན་སྤྱད་པས་ཡིན་ཞིང་། རང་བྱུང་གི་ཚོས་སྤྱད་པའི་ཁ་གདན་རྙིང་པ་དེ་རིགས་ལོ་ངོ་200ཙམ་དང་དེ་ལས་རིང་བ་སོང་རུང་། ཚོས་གཞི་མི་ལོག་པ་མ་ཟད། འོད་མདངས་ཀྱང་མི་ཉམས་པར་གསར་པ་ལྟར་དུ་གནས་ཀྱི་ཡོད། བོད་རུམ་ལ་རི་མོ་རྒྱག་སྲོལ་སྣ་ཚོགས་ཡོད་པ་ལས། བོད་རང་གི་སྲོལ་རྒྱུན་རི་མོ་རྒྱག་སྲོལ་ཡོད་ལ་མི་རིགས་གཞན་གྱི་རི་མོ་རྒྱག་སྲོལ་ཡང་དར་བ་མ་ཟད། ད་དུང་ཆོས་ལུགས་ཀྱི་ཤན་ཞུགས་པའི་རི་མོ་རྒྱག་སྲོལ་ཡང་ཡོད་པ་དཔེར་ན། རི་མོ་ཊམ་ག་ནི་བོད་ཀྱི་སྲོལ་རྒྱུན་རི་མོ་ཞིག་ཡིན་པས་ཁ་གདན་རྙིང་པར་མང་ཙམ་སྤྱོད་པ་དང་། ཆོས་ལུགས་རིག་གནས་ཀྱི་ཤན་ཞུགས་པའི་རི་མོ་པདྨ་ལྟ་བུ་དང་། ད་དུང་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོ་མང་པོ་ཡོད། ལྷག་པར་དུ་བོད་ཀྱི་ཁ་གདན་གྱི་རི་མོར་རྒྱན་བཞི་ཆུ་བྲག་ཅེས་ཆུ་དང་། བྲག སྤྲིན་པ། འབྲུག་བཅས་མཉམ་དུ་བསྡུས་པའི་རང་བྱུང་ཁམས་དང་སྲོག་ཆགས་ཀྱི་གཟུགས་བརྙན་མཉམ་དུ་བཀོད་པའི་རི་མོ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་ནི་གནའ་བོའི་བོད་ཀྱི་མེས་པོ་ཚོས་མིའི་རིགས་ཀྱི་ཚེ་སྲོག་དང་རང་བྱུང་ཁམས་མཐུན་སྦྱོར་མཉམ་གནས་ཀྱི་གནས་ལུགས་མཚོན་པར་བྱས་ཡོད་ལ། དེ་ལས་ཆུ་མོ་དང་བྲག་རི་མཉམ་བཀོད་ཀྱིས་བོད་ཀྱི་ཡུལ་ལྗོངས་མཚོན་པར་བྱས་པ་དང་། ནམ་མཁའ་དྭངས་པོར་སྤྲིན་བཟང་དཀར་པོ་དང་གཡུ་འབྲུག་སྔོན་པོ་མཉམ་དུ་འགྲོགས་པའི་ཉམས་འགྱུར་སྟོན་པ་ནི་དེ་བས་ཀྱང་ནམ་མཁའ་དྭངས་ལ་སྤྲིན་དཀར་ཚོམ་བུས་བརྒྱན་པའི་བོད་ཀྱི་གཡའ་དག་པའི་ནམ་མཁའ་དེ་དངོས་ཡོད་དང་འཆར་ཡན་ཟུང་འབྲེལ་གྱིས་མཚོན་ཚུལ་དམིགས་བསལ་ཅན་ཞིག་རེད། གོ་ཐོས་ལ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་རུམ་འཐག་བཟོ་གྲྭས་རྒྱན་བཞི་ཆུ་བྲག་གི་རི་མོ་བརྒྱབ་པའི་ཁ་གདན་ཞིག་1994ལོར་ཡཱ་ཐའེ་རྒྱལ་སྤྱིའི་དངོས་མང་འགྲེམས་སྟོན་ལ་བཤམས་པར་མཁས་དབང་ཚོའི་གདེང་འཇོག་ལེགས་པོ་ཐོབ་ནས་བྱ་དགའ་རིམ་པ་དང་པོ་ཐོབ་པ་རེད། སྤྱིར་བོད་རུམ་འཐག་སྐབས་བལ་སྤུ་གཙང་བཀྲུས་ཀྱིས་གསེད་རྒྱག་པ་དང་། སྣལ་མ་འཁེལ་བ། ཚོས་རྒྱག་པ། དངོས་སུ་འཐག་པ། ཇེམ་ཙེ་རྒྱག་པ། བཀྲུ་བ་བཅས་ཀྱི་གོ་རིམ་བརྒྱུད་དགོས་ཀྱི་ཡོད་པ་དང་དངོས་སུ་འཐག་པ་ནི་བརྒྱུད་རིམ་གཙོ་བོ་དེ་ཡིན་པས་ཁ་གདན་འཐག་མཁན་བྱང་མ་ཞིག་གིས་རིང་ཚད་ལ་སྨི་1.9དང་ཞེང་ཚད་ལ་སྨི0.9ཡོད་པའི་ཁ་གདན་ཞིག་འཐག་པར་ཉིན་ཉི་ཤུ་ཙམ་འགོར་གྱི་ཡོད། སྤྱིར་ན་བོད་རུམ་ཚད་ལྡན་གྱི་རིང་ཚད་ལ་ལི་སྨི་182དང་ཞེང་ཚད་ལ་ལི་སྨི་90ཡིན་ཡང་རང་རང་སོ་སོའི་དགོས་པར་གཞིགས་ནས་ཆེ་ཆུང་ལ་ཚོད་འཛིན་བྱ་ཆོག་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།