དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྙེ་མོའི་ཞོ་ལེགས་བོད་ཤོག་བཟོ་གྲྭའི་འགན་འཁུར་བ་སྐལ་བཟང་བསྟན་འཛིན་གྱིས་བརྗོད་དོན།

    ​ཕུལ་བྱུང་རིག་གནས་རྒྱུན་འཛིན་བྱས་ནས་མང་ཚོགས་ཕྱུག་འགྱུར་ལམ་བུར་འཁྲིད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-15

    ཞོ་ལེགས་བོད་ཤོག་ནི“སྙེ་མོའི་རྩེར་སོན་གསུམ”གྱི་གྲས་ཤིག་ཡིན་ཞིང་། བོད་ཤོག་བཟོ་རྩལ་ནི་ད་ཆ་སྙེ་མོ་རྫོང་དར་རོང་གྲོང་རྡལ་ཞོ་ལེགས་གྲོང་ཚོའི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་ཚེ་རིང་རྡོ་རྗེས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་དང་གཏོང་མུས་རེད།

    2006ལོར། རང་སྐྱོང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ། བོད་ཤོག་གི་སྲོལ་རྒྱུན་བཟོ་རྩལ་ཀྲུང་གོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོར་དངོས་སུ་བཅུག་པ་དང་། 2007ལོར། ཞོ་ལེགས་བོད་ཤོག་བཟོ་གྲྭའི་འགན་འཁུར་བ་སྐལ་བཟང་བསྟན་འཛིན་གྱི་ཁྱིམ་ལ“བོད་རང་སྐྱོང་ལྗོངས་ཀྱི་ཤེས་དཔལ་དུད་ཚང”གི་གཟི་བརྗིད་མཚན་སྙན་ཐོབ་པ། 2008ལོར། རིག་གནས་པུས་སྐལ་བཟང་བསྟན་འཛིན་གྱི་ཕ་ཚེ་རིང་རྡོ་རྗེར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་མཚན་སྙན་སྤྲད་པ། 2009ལོར། ཞོ་ལེགས་བོད་ཤོག་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མཚན་སྙན་ཐོབ་པ་དང་དེའི་རྗེས་ཀྱི་ལོ་མང་རིང་སྐལ་བཟང་བསྟན་འཛིན་དང་ཁོང་གི་ནང་མི་ཚོར་སྔ་རྗེས་སུ་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད།

    སྐལ་བཟང་བསྟན་འཛིན་གྱིས། 2014ལོར་ཞོ་ལེགས་བོད་ཤོག་བཟོ་གྲྭས་བཟོས་པའི་བོད་ཤོག་བརྩམས་ཆོས་རྒྱལ་ཁབ་དཔེ་མཛོད་ཁང་གིས་བོད་ཤོག་བརྩམས་ཆོས་ཀྱི་དཀར་ཆག་ཏུ་བཅུག་པ་དང་། 2015ལོར་ང་ལ་སྙེ་མོ་རྫོང་གི“རྩེར་སོན་གསུམ”གྱི་རྩལ་ནུས་ཤེས་ལྡན་པ་ཕུལ་བྱུང་གི་བྱ་དགའ་སྐབས་གཉིས་པ་སོགས་ཀྱི་མཚན་སྙན་ཐོབ་བྱུང་ཞེས་བཤད།

    ཞོ་ལེགས་བོད་ཤོག་བཟོ་གྲྭ་2005ལོར་བཙུགས་པ་དང་སྐལ་བཟང་བསྟན་འཛིན་གྱིས་སྣེ་ཁྲིད་དེ་གཉེར་སྐྱོང་བྱེད་བཞིན་ཡོད། རྒྱུན་གཏན་གྱི་བོད་ཤོག་ཕུད། ཞོ་ལེགས་བོད་ཤོག་བཟོ་གྲྭས་ད་དུང་ཁྱབ་ཁོངས་མི་འདྲ་བར་སྤྱོད་པའི་ཤོག་བུ་བཟོ་གི་ཡོད་པ་དང་བཟོ་ལྟ་མི་འདྲ་བ་ཚང་མར་རང་སོ་སོའི་ཁྱད་ཆོས་རེ་ཡོད། “བོད་ཤོག་བཟོ་སྟངས་གཞན་དང་མི་འདྲ་ལ་རྒྱུན་གཏན་གྱི་ཤོག་བུ་ལས་མཐུག་པ་ཡོད་མོད། འོན་ཀྱང་དེའི་ཤོག་བུ་རིགས་གཅིག་ནི་སྲབ་ཅིང་མཉེན་པས། དེ་དག་ཕལ་ཆེ་བ་དཔེ་ཆ་ཉམས་གསོར་སྤྱོད་ཀྱི་ཡོད”ཅེས་སྐལ་བཟང་བསྟན་འཛིན་གྱིས་བཤད།

    2016ལོར། སྐལ་བཟང་བསྟན་འཛིན་གྱིས་སྣེ་ཁྲིད་དེ་ཁྱིམ་ཚང་12དང་མཉམ་དུ་སྙེ་མོ་རྫོང་ཞོ་ལེགས་བོད་ཤོག་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པར་ཡོང་འབབ་ཉུང་བའི་ཁྱིམ་ཚང་མི་ཉུང་བ་ཞིག་དང་མ་མཐའི་འཚོ་བ་འགན་ལེན་གྱི་དུད་ཚང་ཞུགས་པས། མི་24ལས་ཞུགས་ཐུབ་ཡོད། ལོ་ཤས་རིང་། བོད་ཤོག་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེ་རུ་བཏང་བ་དང་ཁྲོམ་རའི་དགོས་མཁོ་དང་ཟུང་འབྲེལ་གྱིས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱས་ནས་སྤུས་ཚད་འགན་ལེན་བྱས་པ་དང་ཆབས་ཅིག ཐོན་འབབ་མང་དུ་བཏང་བ་སོགས་གཉེར་སྐྱོང་ཞིབ་ཚགས་བྱས་པ་བརྒྱུད། མཉམ་ལས་ཁང་ལ་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་240ཙམ་བྱུང་བ་དང་ཞིང་བྲེལ་ཆེ་དུས་ཕུད་ལས་མི་ཚང་མར་མི་རེར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་3050བྱུང་ནས་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད།

    འབྱུང་འགྱུར་གྱི་འཕེལ་རྒྱས་སྐོར་གླེང་སྐབས་སྐལ་བཟང་བསྟན་འཛིན་གྱིས་ཡིད་ཆེས་ཆེན་པོས། ངས་སླད་ཕྱིན་ཚོགས་པའི་སྣེ་ཁྲིད་དེ་སྲོལ་རྒྱུན་གྱི་ཤོག་བུ་བཟོ་སྟངས་དང་དེང་རབས་ཀྱི་ཚན་རྩལ་ལག་རྩལ་ཟུང་འབྲེལ་བྱས་ནས་སྙེ་མོའི་བོད་ཤོག་དང་སྤོས་སོགས་སྤུས་རྟགས་ཧུར་ཐག་བཏོད་དེ། མི་དེ་བས་མང་བ་ལས་ཞུགས་ཐུབ་པར་བྱས་ནས་སྙེ་མོ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན། མ་ཟད་ང་ཚོས་དཔལ་འབྱོར་སྲིད་ཇུས་དང་ཁྲིམས་སྲོལ་ཁག་མུ་མཐུད་སློབ་སྦྱོང་ཡག་པོ་བྱས་ནས་བོད་རིགས་ཀྱི་ལག་ཤེས་བཟོ་རྩལ་གྱི་སྤུས་ལེགས་ཐོན་རྫས་དེ་བས་མང་བ་བཟོས་ཏེ། བོད་མི་རིགས་ཀྱི་ལག་ཤེས་བཟོ་ལས་ལ་སྟོབས་ཤུགས་སྐྱེས་སུ་ཕུལ་ནས་འབྲེལ་ཡོད་སྡེ་ཚན་ཁག་གིས་ང་ཚོར་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བར་དྲིན་ལན་འཇལ་གྱི་ཡིན”ཞེས་སྐལ་བཟང་བསྟན་འཛིན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།