དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཕུན་ཚོགས་རྡོ་རྗེ།

    བོད་རག་གི་དྲི་ཞིམ་འཐུལ། ཕྱིར་ཚོང་གི་ཐབས་ལམ་མང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-15

    འདི་ནི་ཕུན་ཚོགས་རྡོ་རྗེས(གཡས་ཀྱི་དང་པོ)ལྟ་སྐོར་བར་རྩ་རི་ཤང་གི་ཁྱད་ལྡན་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱི་2023ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་རྩེད་ཐང་དུ་གཉེར་བ་རེད། རྩ་རིའི་བོད་རག་སྙོལ་རྩལ་རྒྱུན་འཛིན་པ་ལྷུན་རྩེ་རྫོང་རྩ་རི་ཤང་གི་ཕུན་ཚོགས་རྡོ་རྗེ་ད་རེས་ཀྱི་བྱེད་སྒོར་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཁག་གཉིས་པར་བདམས་པ་རེད།

    རྩ་རིའི་བོད་རག་གི་ཐོག་མའི་ཐོན་ཡུལ་རྩ་རི་རོང་ལ་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཀྱི་ལོ་རྒྱུས་ལྡན་ཡོད་པས། གནའ་སྔ་མོ་ནས་བཟུང་སྐད་གྲགས་ཆོད་ཡོད། དེ་སྔའི་ཐག་རིང་ལུང་ཁུག་གི་བོད་ཀྱི་ལྷོ་རྒྱུད་དུ་གནས་པའི་གྲོང་སྡེ་ད་ཆ་འགྲིམ་འགྲུལ་སྟབས་བདེ་བ་དང་ཡུལ་སྐོར་སྒྲིག་ཆས་འཐུས་སྒོ་ཚང་བས། རྩ་རིར་ཡུལ་སྐོར་དུ་སྐྱོད་མཁན་ཤིན་ཏུ་མང་པོ་ཡོད། རྩ་རིའི་བོད་རག་ལ་ས་གནས་དེ་གའི་བཟའ་བཏུང་རིག་གནས་ཀྱི་ཁྱད་ཆོས་ཆེན་པོ་ཞིག་ལྡན་ཡོད་པས། མི་མང་པོ་ཞིག་གིས་དགའ་པོ་བྱེད་ཀྱི་ཡོད།

    “རྩ་རི་རོང་དུ་བཞའ་ཚན་ཆེ་བས་ལོ་མང་རིང་དེ་གར་འཚོ་བ་སྐྱེལ་མཁན་ཚོའི་ངོས་ནས་བརྗོད་ན། བོད་རག་ལ་བཞའ་ཚན་འགོག་པའི་བདེ་སྲུང་གི་ནུས་པ་ལྡན་པ་མ་ཟད། ནས་ཆང་དང་བསྡུར་ན་བོད་རག་ཉར་ཚགས་བྱེད་བདེ་པོ་ཡོད། བོད་རག་སྙོལ་རྩལ་ལོ་བརྒྱ་ཕྲག་ཁ་ཤས་རྒྱུན་འཛིན་བྱེད་རིང་། ཟམ་མི་ཆད་པར་དར་རྒྱས་གོང་འཕེལ་བྱུང་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་འཐུང་བྱ་ཞིག་ཏུ་གྱུར་ཡོད” ཕུན་ཚོགས་རྡོ་རྗེས་ད་ཆ་ས་གནས་ཁག་གི་སྦི་རག་སོགས་ཆང་རག་རིགས་ཀྱི་བཏུང་བྱ་མང་པོ་ཡོད་མོད། འོན་ཀྱང་རྩ་རི་ཤང་དུ་བོད་རག་ནི་སྔར་བཞིན་མང་ཚོགས་སྤྲོ་གསེང་འདུ་འཛོམས་བྱེད་སྐབས་ཀྱི་བཏུང་བྱ་གཙོ་བོ་དེ་ཡིན་ཞིང་། གྲོང་ཚོར་ཡུན་རིང་བོད་རག་ཚད་རན་པོ་འཐུང་མཁན་རྒན་རྒོན་ཚོའི་རྐང་པ་བདེ་ལ་གཟུགས་པོའང་ཧ་ཅང་ཐང་པོ་ཡོད་ཅེས་བཤད།

    རྩ་རིའི་བོད་རག་སྙོལ་རྩལ་རྒྱུན་འཛིན་པ་མི་རབས་ལྔ་པ་ཕུན་ཚོགས་རྡོ་རྗེས་ཕ་ཡི་ས་ནས་ལག་རྩལ་རྒྱུན་འཛིན་བྱས་པ་དང་། ཁོང་གིས་བོད་རག་ཁྱབ་གདལ་གཏོང་བར་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ཕུན་ཚོགས་རྡོ་རྗེས“ཐོག་མའི་ཨ་རག་སིལ་ཚོང་ནས་རྗེས་སུ་སྲིད་ཇུས་ཀྱི་ཁྲིད་སྟོན་འོག ཐུམ་སྒྲིལ་ཕྱིར་ཚོང་འགོ་ཚུགས་པའི་བར་རྩ་རིའི་བོད་རག་ཁྲོམ་ར་དེ་བས་ཆེ་རུ་ཕྱིན་ཡོད། ཕྱིར་ཚོང་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་བསྟུན་ནས་ཤང་སྲིད་གཞུང་གི་རོགས་རམ་འོག ལྷུན་རྩེ་རྫོང་རྩ་རི་ཤང་གི་ཁྱད་ལྡན་ཐོན་རྫས་ལས་སྣོན་མཉམ་ལས་ཁང་དང་ལྷུན་རྩེ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་བཙུགས་པ་དང་། ཐོན་རྫས་ཚང་མ་ལྗོངས་ཕྱི་ནང་གི་ས་གནས་ཁག་ཏུ་ཕྱིར་ཚོང་བྱེད་ཀྱི་ཡོད”ཅེས་གསར་འགོད་པར་བཤད།

    “ང་ཚོས་སྲོལ་རྒྱུན་གྱི་བོད་རག་སྙོལ་སྟངས་ཀྱི་རྒྱུན་བསྐྱངས་ཏེ་ལོ་གཅིག་ལ་མང་ཤོས་ལའང་ཏུན་8ཙམ་ལས་ཐོན་སྐྱེད་བྱེད་ཐུབ་ཀྱི་མེད། དེ་མིན་གྱི་ནགས་ཁྲོད་ཐོན་ཁུངས་ཚང་མ་ས་གནས་འདི་གར་ཐུམ་སྒྲིལ་རྒྱག་གི་ཡོད་པས་ལྷད་སྤུ་ཙམ་ཡང་མེད། དེ་ནི་ང་ཚོའི་གདེང་ཚོད་ཆེ་ཤོས་དེ་ཡིན། ཐོན་རྫས་ཀྱི་དགོས་མཁོ་སྐོང་མ་ཐུབ་ཀྱང་སྤུས་ཚད་ཨང་དང་པོར་འཇོག་པའི་སེམས་ཐག་བཅད་པ་ཡིན”ཞེས་ཕུན་ཚོགས་རྡོ་རྗེས་བཤད།

    ཕུན་ཚོགས་རྡོ་རྗེའི་མཉམ་ལས་ཁང་དུ་ད་ཆ་ལག་རྩལ་བ་20ལྷག་ཙམ་ཡོད་པ་ཚང་མ་ཁོང་གི་དགེ་ཕྲུག་ཤ་སྟག་རེད། རྩ་རིའི་བོད་རག་སྙོལ་སྟངས་ཁྱབ་གདལ་དང་དར་སྤེལ་གཏོང་ཆེད། ཕུན་ཚོགས་རྡོ་རྗེས་རྒྱུན་དུ་རང་ཉིད་ཀྱི་ཨ་རག་སྙོལ་རྩལ་སློབ་ཀྱི་ཡོད། “ད་ཆ་བོད་རག་ཚུད་པའི་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་ལ་དོ་ཁུར་ཆེན་པོ་བྱུང་ཡོད། ངས་འགྲེམས་ཚོང་བྱེད་སྒོ་སྣ་ཚོགས་ལ་ཞུགས་པའི་དམིགས་ཡུལ་ནི་ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་དང་དེ་བས་ས་ཐག་རིང་སར་བཙོང་ཆེད་ཡིན། ང་ཚོས་རྒྱུན་འཛིན་གྱི་ལམ་བུར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་རྒྱ་ཆེ་རུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ཕུན་ཚོགས་རྡོ་རྗེས་མྱོང་ཚོར་ཟབ་མོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།