དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་གཞི་རིམ་བཅོས་སྐྱོང་གི་ཐབས་ལམ་གསར་པ།

    བཅོས་སྒྲིག་ཆུང་ཡང་མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-14

    འདི་ནི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་གཉེར་སྐྱོང་བྱས་པའི་ཁྱད་ལྡན་ཟ་ཁང་ཡིན་པ།

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས“ཆབ་སྲིད་ལ་བརྟེན་ནས་ཁྲིད་སྟོན་དང་། ཁྲིམས་སྐྱོང་ལ་བརྟེན་ནས་འགན་ལེན། རང་སྐྱོང་ལ་བརྟེན་ནས་རྨང་གཞི་བརྟན་གཏོང་། ཀུན་སྤྱོད་ལ་བརྟེན་ནས་སློབ་གསོ་གཏོང་བ། རིག་ནུས་ལ་བརྟེན་ནས་འདེགས་སྐྱོར་བྱེད་པ”བཅས་ཕྱོགས་ལྔ་མཉམ་འདྲེས་བྱས་ཏེ“ཏང་འཛུགས་སྐྱོང་དང་། གཞི་རིམ་བཅོས་སྐྱོང་། གྲོང་གསེབ་དར་རྒྱས”བཅས་ཟུང་དུ་འབྲེལ་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་དང་། ཀྲུང་གོའི་ཁྱད་ལྡན་གྲོང་ཚོ། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ། རྒྱལ་ཁབ་རིམ་པའི་སྤྲོ་གསེང་ཡུལ་སྐོར་ཁྲོམ་གཞུང་བཅས་བསྐྲུན་པས། ཞི་མཐུན་འཕེལ་རྒྱས་དང་གྲོང་མིས་མཉམ་སྐྲུན་དང་། མཉམ་དུ་བཅོས་སྐྱོང་དང་ལོངས་སུ་སྤྱོད་པའི་རྣམ་པ་བཟང་པོ་བཏོད་ཡོད།

    ཏང་ཡོན་གྱིས་སྣེ་ཁྲིད་དེ་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་དང་དམངས་འཚོར་ཕན་པ་བསྐྲུན་པ།

    བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་གྲོང་མི་དཀར་ཏོག་ཨ་ནིང་གི་བཟའ་ཟླ་ལོ་ཤས་གོང་གྲོངས་པ་དང་། ད་དུང་ཁྱིམ་དུ་རྒན་རྒོན་དང་ཕྲུ་གུ་གཉིས་ཡོད་པས་སྐབས་ཤིག་རིང་མ་མཐའི་འཚོ་བ་འགན་ལེན་ལ་མ་བརྟེན་ཀ་མེད་དུ་གྱུར། ཕྱིས་སུ་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་དབུལ་སྒྲོལ་འགག་སྒྲོལ་གྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་ཁོ་མོར་སྡེ་ཁུལ་གྱི་དམངས་སྲོལ་གནས་ཚང་ཐོག་མ་གཉེར་རོགས་བྱས་པས་སྦྱིན་བདག་ལ་གྱུར། ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་མཐོ་རུ་ཕྱིན་པས་རིམ་བཞིན་དབུལ་སྒྲོལ་ཐུབ་ཡོད། 2022ལོར་དཀར་ཏོག་ཨ་ནིང་ཁྱིམ་གྱི་དམངས་སྲོལ་གནས་ཚང་ལ་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་ཡོད། ཁོང་གིས“སྲིད་ཇུས་ཀྱི་ཁྲིད་སྟོན་དང་ལས་བྱེད་པས་སྣེ་ཁྲིད་བྱས་པས་ང་ཚོའི་འཚོ་བར་རེ་བས་ཁེངས་སོང”ཞེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

    སྔོན་ཆད་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཉམས་ཞན་དང་མང་ཚོགས་ཀྱི་འབབ་ཁུངས་རྐྱང་པ་རེད། ཐོན་ཁུངས་ཀྱི་ལེགས་ཆ་བཏོན་ནས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་འབབ་འཕར་ཡོང་ཆེད། ཉེ་བའི་ལོ་ཤས་རིང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས“སྤྱི་ཁྱབ་ཀྲི་པུས་སྣེ་ཁྲིད་དང་། ཏང་ཡོན་གྱིས་སྣེ་ཁྲིད། གྲོང་གསེབ་ཀྱི་འཇོན་ཐང་ཅན་གྱིས་གཞོགས་འདེགས། མང་ཚོགས་ཞུགས་པ”བཅས་ཀྱི་ལས་དོན་གྱི་མ་ལག་ཁྱབ་གདལ་བཏང་ནས“ཏང་འཛུགས་སྐྱོང་དང་། ཁེ་ལས། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་ཐོག་ནས་ཁྱད་ལྡན་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ“ལྷ་མོའི་གྲོང་ཚོ་དང་པོའི”ཚོང་རྟགས་བཏོད་པ་དང་། ཞག་སྡོད་ཁ་གསབ་བྱེད་ཐབས་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་བཏོན་པ། དམངས་སྲོལ་གནས་ཚང་གི་ཚད་གཞི་གཅིག་གྱུར་བཟོས་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི“ལྷ་མོའི་གྲོང་ཚོ་དང་པོའི”མིང་བྱང་དེ་བས་མིང་གྲགས་ལྡན་པ་བྱས་ཡོད། མིག་སྔར་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་འོག་སྡེ་ཁུལ་གྱི་དམངས་སྲོལ་གནས་ཚང་79དང་ཉལ་ཁྲི་644བར་མང་དུ་ཕྱིན་ནས་མང་ཚོགས་དེ་བས་མང་བར་ཡུལ་སྐོར་གྱི་ཡོང་འབབ་རག་ཡོད།

    དམངས་ལ་ཞབས་འདེགས་ཡག་པོ་ཞུས་ཏེ་གཞི་རིམ་བཅོས་སྐྱོང་གི“ཞི་མཐུན་གླུ་དབྱངས”མཉམ་དུ་བླངས་པ།

    སྔོན་ཆད་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་མང་ཚོགས་ཀྱི་ཁྲིམས་སྐྱོང་དང་རང་སྐྱོང་འདུ་ཤེས་བལྟོས་བཅས་ཀྱིས་ཞན་ཙམ་ཡོད། སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་གཞི་རིམ་གྱི་ཁྲིམས་སྐྱོང་གཡུལ་ས་སྟོབས་ཆེར་གཏོང་བ་དང་། “སྡེ་ཁུལ་དང་། གྲོང་མིའི་ཚོགས་ཆུང་། གཉིས་ལྡན་དུད་སྦྲེལ”བཅས་རིམ་གསུམ་བཅོས་སྐྱོང་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་པ། ཏང་ཡོན་བྱེད་སྒོ་ཁང་དང་། དྲོ་སྐྱིད་འདུམ་འགྲིག་ཁང་། ཡིག་འབུལ་ཞུ་བཅར་ཁང་། དམངས་ཕན་ཞབས་ཞུ་ཐིང་། ཕྱོགས་བསྡུས་བཅོས་སྐྱོང་གི་དྲ་རྒྱའི་ལྟེ་གནས་བཅས་བསྐྲུན་པས་སྡེ་ཁུལ་དེ་ཉིད་སྡེ་ཁུལ་བཅོས་སྐྱོང་གི་ཚན་པ་དང་པོ་དང་། དམངས་ཀྱི་གནས་ཚུལ་གཅིག་སྡུད་ཀྱི་སྐར་ཁུང་དང་པོ། བརྟན་ལྷིང་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་དང་པོ་བཅས་སུ་གྱུར་ཡོད། དེ་དང་ཆབས་ཅིག གྲོང་གསེབ་ཀྱི་འཇོན་ཐང་ཅན་གྱི་ཁྲིམས་སྐྱོང་ལས་དོན་གྱི“སྒྲོག་འགྲེལ་པ”དང་། སྡེ་ཁུལ་འཕེལ་རྒྱས་ཀྱི“ཇུས་འདོན་པ” དམངས་ལ་བྱ་བ་སྒྲུབ་པའི“ཞབས་ཞུ་བ” འགལ་ཟླ་དང་རྩོད་གཞིའི“འདུམ་འགྲིག་པ”བཅས་ཀྱི་ནུས་པ་གང་ལེགས་བཏོན་སྟེ་གནས་ཚུལ་མ་ཐོན་གོང་ནས་འདུམ་འགྲིག་བྱས་པས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་བཟོ་ཡོད་པའི་རྐྱེན་ངན་ཐོན་མ་ཐག་ནས་སེལ་ཐུབ་ཡོད།

    སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུ་ཐིང་གིས“ཉིན་རེའི་ལས་སྒྲུབ་པའི”ཞབས་ཞུའི་སྐར་ཁུང་བཙུགས་ནས་ཁེར་རྐྱང་དུ་ལུས་པ་དང་། ནད་ཀྱིས་མནར་བ། གཞིས་ལུས་རྒན་རྒོན་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་ནས་སྒོ་འགྲམ་དུ་བསྐྱོད་དེ་ཞབས་འདེགས་ཞུ་ཡི་ཡོད། དེ་བཞིན་གྲོང་སྲོལ་དམངས་ཆིངས་གང་ལེགས་སྤྱད་དེ“སྐར་ལྔའི་དམངས་སྲོལ་གནས་ཚང་དང་སྐར་བཅུའི་ཞིང་དུད”སོགས་ཀྱི་དཔྱད་འདེམས་བྱེད་སྒོ་སྤེལ་ནས་སྔ་རྗེས་སུ་ཁྱིམ་ཚང་བདུན་གྲོང་ཁྱེར་དང་ཆུས་རིམ་པའི“ཡ་རབས་ཁྱིམ་ཚང་དང་། དུས་བདེའི་ཁྱིམ་ཚང་། མི་རིགས་མཐུན་སྒྲིལ”བཅས་ཀྱི་དཔེ་སྟོན་དུད་ཚང་ལ་བདམས་པ་རེད། ཉེ་བའི་ལོ་5ཡི་རིང་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་ཉེས་དོན་གྱོད་གཞི་དང་བདེ་འཇཌ་ཀྱི་ལས་འཛོལ་སོགས་ཐོན་མྱོང་མེད་པ་དང་། འགལ་ཟླ་དང་རྩོད་གཞི་རང་སར་ཐག་གཅོད་ཐུབ་ཚད་100%ཟིན་ཡོད།

    ཚང་མས་བྱ་སྤྱོད་དངོས་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི“མཐུན་ཆ་ཆེ་ཤོས”མཉམ་དུ་བཏོད་པ།

    སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་གཞི་རིམ་རྩ་འཛུགས་ཀྱི“སྣེ་ཁྲིད་པའི”ནུས་པ་བཏོན་ནས་སྡེ་ཁུལ་གྱི་ཀུན་སྤྱོད་བཟང་ཞིང་མཚན་སྙན་ཆེ་བའི་ཏང་ཡོན་རྒན་གྲས་དང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་སློབ་གྲྭ་ཆེ་མོ་བ་སོགས་གྲོང་ཚོ་རིམ་པའི་རང་སྐྱོང་རྩ་འཛུགས་ཀྱི་རྗེས་གྲབས་སྟོབས་ཤུགས་ལ་བརྩི་བ་དང“ཇུས་འདོན་ཚོགས་པའི”རྣམ་པའི་ཐོག་ནས་གྲོང་མིའི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ། མང་ཚོགས་རང་ཉིད་ཀྱིས་དོན་དག་ཤོད་པ་དང་། དོན་དག་གྲོས་བསྡུར་བྱེད་པ། དོན་དག་གཙོ་སྐྱོང་བཅས་བྱས་ནས་གྲོང་གསེབ་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱས་ཡོད་པ་རེད།

    གླེང་རིན་ཡོད་པ་ཞིག་ལ། 2019ལོར་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་སྔོན་ལ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་རྣམ་གྲངས་ལག་བསྟར་བྱས་པ་དང་། དམངས་གཙོ་གཅིག་སྡུད་ཀྱི་དོན་གྲོས་ལམ་སྲོལ་བརྒྱུད། གཉིས་ལྡན་དུད་སྦྲེལ་ཚན་པས་རང་འགུལ་ངང“འཕྲོད་བསྟེན་ཁྱིམ་ཚང་གི་སྐོར་སྐྱོད་དར་དམར”དང“སྒོ་ར་མཛེས་ཤོས་བཅུ”སོགས་དཔྱད་འདེམས་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱིས་རང་འགུལ་ངང་སྡེ་ཁུལ་གྱི་ཁོར་ཡུག་བཟང་པོ་སྲུང་སྐྱོང་བྱེད་པའི་འདུ་ཤེས་མུ་མཐུད་ཟབ་ཏུ་བཏང་ཡོད། སྔོན་ཆད་བཙོག་ཟིང་ཞན་གསུམ་གྱི་སྡེ་ཁུལ་ད་ཆ་གཙང་ལ་གྲལ་འགྲིག་པ་དང་སྐྱིད་སྣང་དོད་པའི་དྲ་ཐོག་མིང་ཅན་གྱི་པར་ལེན་བྱེད་སར་གྱུར་ཡོད།

    དེ་དང་ཆབས་ཅིག་སྡེ་ཁུལ་དེས་བསམ་པའི་དཔལ་ཡོན་གྱི་ལས་དོན་ཧུར་ཐག་སྤེལ་ནས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོའི་ནང་དོན་ལ་མུ་མཐུད་ཤུཌ་སྣོན་བརྒྱབ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། ཀྲུང་ཧྭ་མི་རིཌ་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུཌ་པ། “འདུ་ཤེས་གསུམ”གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ། གྲོང་སྲོལ་དམངས་ཆིངས་སོགས་ཀྱི་ནང་དོན་ལྷ་མོའི་འཁྲབ་སྟོན་ནང་བཅུག་སྟེ་ཏང་གི་སྲིད་ཇུས་གྲོང་མི་ཚང་མས་ཤེས་རྟོགས་ཐུབ་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།