དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ། འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་སྤྱོད།

    —— ཀྲུང་གོའི་བྱ་སྤྱོད་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་རམ་འདེགས་བྱས་པའི་སྐོར་ལ་ཕྱི་རྒྱལ་གྱི་མི་སྣས་གྲོས་བསྡུར་འཁྲུག་པོ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-14

    གོ་ལ་ཧྲིལ་པོའི་འཕེལ་རྒྱས་མཉམ་སྤྱོད་བྱ་སྤྱོད་ཀྱི་གླེང་སྟེགས་སྐབས་དང་པོའི་མཐོ་རིམ་ཚོགས་འདུ་ཚེས་10ཉིན་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་158གདན་ཞུས་ལྟར་ཚོགས་འདུར་ཞུགས་ཡོད་པ་རེད། ཕྱི་རྒྱལ་གྱི་མི་སྣས། 2021ལོར་ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་པ་ནས་བཟུང་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུར་སྐུལ་མ་ཐེབས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ཐུན་མོང་གི་ངོས་འཛིན་དེ་བས་མང་བ་གཅིག་སྒྲིལ་དང་གོ་སྐབས་དེ་བས་མང་བ་གཏོད་པའི་ངོས་འཛིན་བྱས་པ་རེད།

    ཁེན་ནི་ཡའི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཁཱ་ཝུན་སི·ཨ་ཏེ་ཤིར་གྱིས། མིའི་རིགས་ཡར་རྒྱས་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གནད་དོན་ཐད་ཀྲུང་གོས་རྒྱལ་ཁབ་ཁག་དང་བློ་བརྟན་འགྱུར་མེད་ངང་མཉམ་དུ་ལངས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ། ལག་རྩལ་དང་མ་དངུལ་ཐད་མཉམ་ལས་བྱས་པ་བརྒྱུད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མི་ཉུང་བ་ཞིག་གི་དེང་རབས་ཅན་འཛུགས་སྐྲུན་ལ་ཡུན་རིང་གི་ཆ་རྐྱེན་བསྐྲུན་ཡོད་ཅེས་བརྗོད་པ་རེད།

    “ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁའི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཚད་20%ལྷག་ཙམ་ཟིན་པ་དེ་ཐོག་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དངོས་སྒྲུབ་ཀྱི་དཔལ་འབྱོར་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་གང་ལེགས་མཚོན་ཡོད། ཨ་ཧྥེ་རི་ཁ་ནི་ཀྲུང་གོའི་ཞི་བདེ་འཕེལ་རྒྱས་ཀྱི་ཕན་པ་ཐོབ་མཁན་ཞིག་རེད། རང་ངོས་ཀྱི་ཡུན་རིང་བརྟན་ལྷིང་དང་། ཞི་བདེ། མཐུན་སྒྲིལ་བཅས་ཀྱི་ཉམས་མྱོང་ལ་བརྟེན་པས་ཀྲུང་གོར་གྲུབ་འབྲས་ཆེན་པོ་ཐོབ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གི་མིག་དཔེར་གྱུར་ཡོད”ཅེས་ཨ་ཏེ་ཤིར་གྱིས་བརྗོད་པ་རེད།

    ཨེ་ཅིབ་ཀྱི་ཀྲུང་གོའི་ལས་དོན་གྱི་རིགས་གཅིག་མཁས་ཅན་ཨའེ་ཧ་མའེ་ཏེ·སའེ་དབྱི་ཏེ་ཡིས། འཛམ་གླིང་དབུས་ཤར་དང་ཨ་ཧྥེ་རི་ཁ་ས་ཁུལ་གྱི་རྒྱལ་ཁབ་མང་པོས་ཀྲུང་གོ་ཕྱོགས་ཀྱི་གྲོས་འགོའི་ནང་ཧུར་ཐག་ཞུགས་པ་དང་དེའི་ཁྲོད་ནས་ཕན་པ་ཆེན་པོ་ཐོབ་ཡོད། “ཀྲུང་གོས་གཏམ་སྤྱོད་གཅིག་མཐུན་བྱས་པས་རྒྱལ་ཁབ་དེ་བས་མང་བའི་ཡིད་ཆེས་ཐོབ་ཡོད”ཅེས་བརྗོད་པ་རེད།

    ཁམ་ཕུ་ཁྲེའི་ཁམ་ཀྲུང་འབྲེལ་བའི་འཕེལ་རྒྱས་སློབ་ཚོགས་ཀྱི་ཚོགས་གཙོ་ཤེ་མོ་ཉི་ལེས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ནི་ཐུན་མོང་གི་ཁེ་ཕན་དང་གཉིས་ཕན་ཡོང་བར་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་རེད། ཀྲུང་གོས་རྒྱལ་ཁབ་གཞན་དག་ལ་སྒོ་མོ་ཕྱེ་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་རྒྱལ་ཁབ་གཞན་དག་ལ་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་རོགས་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    སི་ཕེན་གྱི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་གྲགས་ཅན་ཧུའུ་ལི་ཨའོ·ལི་ཨའོ་སི་ཡིས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་མཐུན་སྦྱོར་བྱེད་པའམ་ཡང་ན་འཕར་བའི་འཇུར་མིག་སེལ་རྒྱུ་འགོ་འཛུགས་སར་བྱས་ནས་ཐུན་མོང་ཐོག་དོན་གཉེར་བྱ་རྒྱུར་དམིགས་ཏེ་མཉམ་ལས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བ་དེ་རང་ངོས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་ཐོག་ནས་མངོན་པ་མ་ཟད། རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་དང་གོ་ལ་ཧྲིལ་པོའི་འགན་འཁྲི་འཁུར་བ་ནས་ཀྱང་མངོན་གྱི་ཡོད། “ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དེ་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རྒྱུ་ནོར་ཞིག་ཏུ་གྱུར་པ་མ་ཟད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ནའང་དེ་བས་གལ་འགངས་ཆེན་པོ་ཡོད”པའི་ངོས་འཛིན་བྱས་པ་རེད།

    ཨ་ཀེན་ཐིན་གྱི་རྒྱལ་ཁབ་ཚན་རིག་དང་ལག་རྩལ་ཞིབ་འཇུག་ལས་འཛིན་ལྷན་ཚོགས་ཀྱི་ལས་རོགས་ཞིབ་འཇུག་པ་ཀུང་ས་ལུའོ·ཅི་ཅི་ནུའོ་ཡིས། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་ཚན་རྩལ་གྱི་ཧེ་བག་སྔར་བཞིན་ཆེན་པོ་ཡོད། ཀྲུང་གོས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་བ་མ་ཟད། ལྷོ་ལྷོ་མཉམ་ལས་སོགས་ལམ་སྲོལ་དང་ལས་སྟེགས་བརྒྱུད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་རོགས་བྱས་ནས་ལྷོ་བྱང་འཕེལ་རྒྱས་ཀྱི་འགལ་རྐྱེན་ཆེན་པོ་སེལ་གང་ཐུབ་བྱས་ཡོད། དེ་ནི་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པར་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།