དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་ལག་ལེན་ལས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་མ་དཔེ་མཁོ་འདོན་བྱས་ཡོད”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-07-14

    “ཉེ་བའི་ལོ་ཤས་རིང་། ཀྲུང་གོར་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་ཐད་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ནས་ཀྲུང་གོའི་ལག་ལེན་ལས་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ལ་མ་དཔེ་མཁོ་འདོན་བྱས་ཡོད” ཀྲུང་གོར་བཅའ་སྡོད་ཁོ་ལོམ་པི་ཡའི་གཞུང་ཚབ་ཆེ་མོ་བ་ཁཱ་ཕུའུ་ལེ་ལཱ་2023ལོའི་སྐྱེ་ཁམས་ཤེས་དཔལ་གྱི་ཀུའེ་དབྱང་རྒྱལ་སྤྱིའི་གླེང་སྟེགས་ལ་ཞུགས་སྐབས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོས་ནུས་རྒྱུ་གཙང་མ་གསར་སྤེལ་བེད་སྤྱོད་དང་དྲོད་ཁང་གི་རླངས་གཟུགས་ཕྱིར་འབུད་ཚོད་འཛིན་སོགས་ཐད་ཀྱི་རིགས་པའི་གཞུང་ལུགས་ལག་ལེན་ལ་འགྱུར་བ་དེ་རྒྱལ་ཁབ་ཁག་གིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་འདུག་ཅེས་བརྗོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་པ་དང་། ལྷག་པར་དུ་ཉི་ནུས་དང་རླུང་ནུས་སོགས་ནུས་རྒྱུ་གཙང་མའི་ལག་རྩལ་མགྱོགས་མྱུར་ཡར་རྒྱས་ཕྱིན་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། ཁཱ་ཕུའུ་ལེ་ལཱ་ཡིས། མིག་སྔར་འཛམ་གླིང་དུ་གནམ་གཤིས་ངན་པ་བསྟན་པའི་དོན་རྐྱེན་ཡང་ཡང་ཐོན་པ་དང་སྐྱེ་ཁམས་དོ་སྙོམས་མེད་པ་སོགས་ཀྱི་འགྲན་སློང་ཆེན་པོ་འཕྲད་བཞིན་ཡོད། ཀྲུང་གོ་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ནང་ཞུགས་པ་དེ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཀྲུང་གོས་དེའི་ཐད་འབད་བརྩོན་བྱས་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་བརྗོད་པ་རེད།

    2021ལོའི་ཟླ་9པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དང་ལེན་ཧུར་ཐག་ཞུས་ཡོད། ཀྲུང་གོས་ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་ཡོད། ཁཱ་ཕུའུ་ལེ་ལཱ་ད་ཐེངས“གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དོན་འཁྱོལ་བྱས་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་གླེང་སྟེགས་ལ་ཞུགས་པ་རེད། “གླེང་སྟེགས་ཐོག་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་། གནམ་གཤིས་འགྱུར་ལྡོག དབུལ་པོ་ཉུང་གཏོང་སོགས་ཀྱི་འབྲེལ་ཡོད་གྲོས་གཞི་བཀོད་སྒྲིག་བྱས་ཡོད། གྲོས་གཞི་དེ་དག་མིའི་རིགས་ཡོངས་ཀྱི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ཁཱ་ཕུའུ་ལེ་ལཱ་ཡིས་བརྗོད་པ་དང་། ཁོང་གིས། གླེང་སྟེགས་ཐོག་ཚང་མས་སྤེལ་རེས་གཏིང་ཟབ་དང་གང་བསམ་ལྷུག་གླེང་བྱས་ནས་ལྟ་བ་ཡང་དག་དང་དགེ་མཚན་ལྡན་པའི་གྲོས་འགོ་བཏོན་ནས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཐབས་འདོན་ཇུས་འབུལ་བྱས་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོ་ནི་ཁོ་ལོམ་པི་ཡའི་ཚོང་དོན་རོགས་ཟླ་ཆེ་གྲས་གཉིས་པ་དང་ཨེ་ཤེ་ཡའི་ཐད་ཀའི་མ་འཇོག་བྱ་ཡུལ་རྒྱལ་ཁབ་ཆེ་ཤོས་དེ་རེད། ཀྲུང་གོའི་ཀུང་སི་80ལྷག་ཙམ་གྱིས་ཁོ་ལོམ་པི་ཡར་མ་འཇོག་བྱས་ནས་ལས་རིགས་དར་རྒྱས་གཏོང་བ་དང་། ཁོ་ལོམ་པི་ཡའི་རྨང་གཞིའི་སྒྲིག་བཀོད་དང་། འཕྲིན་གཏོང་། ནུས་རྒྱུ་གསར་པ། གྲངས་འཛིན་དཔལ་འབྱོར་སོགས་ཀྱི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་ཆེད་ལས་ཀྱི་ཕན་འབྲས་ཆེ་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོ་ལྡན་པའི་གཟུགས་བརྙན་བཟང་པོ་བཏོད་ཡོད། ཁཱ་ཕུའུ་ལེ་ལཱ་ཡིས་ཀྲུང་གོའི་ཁེ་ལས་ཀྱིས་ཁོ་ལོམ་པི་ཡར་གཉེར་སྐྱོང་བྱེད་པའི་བརྒྱུད་རིམ་ནང་ཁོར་ཡུག་སྲུང་སྐྱོང་ལ་སྣང་ཆེན་གྱིས་ས་གནས་དེ་གའི་གྲོང་མི་དང་མཉམ་ལས་ཡག་པོ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ལམ་བུར་སྐྱོད་པའི་གདམ་ག་རྒྱ་ཆེར་བཏང་སྟེ་མིའི་རིགས་ཀྱིས་དེ་བས་ལེགས་པའི་སྤྱི་ཚོགས་ལམ་ལུགས་འཚོལ་ཞིབ་བྱེད་པར་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད། ཁཱ་ཕུའུ་ལེ་ལཱ་ཡིས། ད་ཐེངས་ཀུའེ་ཀྲོའུ་རུ་བསྐྱོད་སྐབས་ས་གནས་དེ་གའི་དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོང་མཐུན་སྦྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་མྱོང་ཚོར་ཟབ་མོ་བྱུང་། ཁོ་ལོམ་པི་ཡའི་ནཱ་ལི་ཉི་ཨའོ་ཞིང་ཆེན་ལ་སྐྱེ་དངོས་སྣ་མང་རང་བཞིན་དང་རིག་གནས་སྣ་མང་རང་བཞིན་སོགས་ཐད་ཀུའེ་ཀྲོའུ་ཞིང་ཆེན་དང་འདྲ་བའི་ཆ་མང་པོ་ཡོད། “གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱས་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་གླེང་སྟེགས་ཐོག་ནཱ་ལི་ཉི་ཨའོ་ཞིང་ཆེན་གྱིས་ཀུའེ་ཀྲོའུ་ཞིང་ཆེན་དང་མཛའ་གྲོགས་ཞིང་ཆེན་གྱི་འབྲེལ་བའི་འདོད་མཐུན་ཡི་གེར་མིང་རྟགས་བཀོད་པ་དང་ཕྱོགས་གཉིས་པོས་དེ་འགོ་འཛུགས་ས་གསར་པར་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་དང་། རིག་གནས་ཡུལ་སྐོར། སློབ་གསོ། དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།