དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ས་མཐོར་སློབ་གསོའི་གྲུ་ཆར་ཕབ། མདུན་སྐྱོད་ལམ་བུར་འོད་ཟེར་རྒྱས།

    —— པེ་ཅིང་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཁག་བཅུ་པའི་ལས་དོན་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-14

    འདི་ནི་པེ་ཅིང་བོད་སྐྱོར་དགེ་རྒན་གྱིས་སློབ་མར་ཟུར་ཁྲིད་བྱེད་བཞིན་པ།

    ཅིང་བོད་སེམས་མཐུན་སློབ་གསོའི་ཞིང་ས་གཤིན་པོ་བསྐྲུན། ལེ་དབར་སྟོང་གི་བརྩེ་སེམས་བཅངས་ནས་བུ་ཕྲུག་བསྐྱངས། 2015ལོར་ཀྲུང་དབྱང་རྩ་འཛུགས་པུའུ་དང་སློབ་གསོ་པུའུ་སོགས་སྡེ་ཚན་བཞི་ཡིས་མཉམ་དུ་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་རེད། ཁྱོན་ལོ་8རིང་པེ་ཅིང་གྲོང་ཁྱེར་གྱི་དགེ་རྒན་217བོད་དུ་ཡོང་སྟེ། ཁོང་ཚོས་རང་གི་གདམ་གར་གནོང་འགྱོད་མེད་པ་དང་འགན་འཁྲི་ཕྲག་ཏུ་འཁུར་ཏེ་གངས་ལྗོངས་ས་མཐོར་ལྷད་མེད་བརྩེ་སེམས་བཅངས་ནས་རང་ནུས་ཡོད་རྒུས་སློབ་མ་ཚོར་ཤེས་བྱ་ཡོན་ཏན་བསླབས་པ་རེད།

    ཐབས་ལམ་རྒྱ་སྐྱེད།

     ཀུན་སྤྱོད་སློབ་གསོའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་བཏང་བ།

    མི་སྣ་གསོ་སྐྱོང་རྩ་བར་འཛིན། ཀུན་སྤྱོད་སློབ་གསོ་སྔོན་ལ་སྤེལ། གཞོན་ནུ་ལོ་ཆུང་གི་སེམས་ཀྱི་ཞིང་སར་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། མི་རིགས་མཐུན་སྒྲིལ། བཟང་བཀུར་དགེ་ཕྱོགས་ཀྱི་ས་བོན་བཏབ་ནས་གཅེས་སྐྱོང་ཚད་མེད་དང་། ལྟ་སྐྱོང་ཚགས་ཚུད་བྱ་རྒྱུ་ནི་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་གལ་འགངས་ཤིན་ཏུ་ཆེ་བར་བརྟེན་པེ་ཅིང་གྲོང་ཁྱེར་གྱི་སློབ་གསོའི་བོད་སྐྱོར་ཤེས་ལྡན་མི་སྣ་ཁག་བཅུ་པས་རང་དཔེ་གཞན་སྟོན་གྱིས་གཞོན་ནུ་ལོ་ཆུང་གི་ཀུན་སྤྱོད་སློབ་གསོའི་སློབ་དཔོན་ཡག་པོ་ཞིག་བྱས་ཏེ་སེམས་ནུས་ཡོད་རྒུས་སློབ་མ་བསྐྱངས།

    པེ་ཅིང་གི་སློབ་གསོའི་བོད་སྐྱོར་གྱི་རྒྱབ་སྐྱོར་དང་མཐུན་སྦྱོར་འོག་འདི་ལོའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་374ཡི་དགེ་སློབ་ཁྲི་4ལྷག་ཙམ་གྱིས་དྲ་ཐོག་ནས་རྒྱལ་ཁབ་རྟེན་མཛོད་ཁང་ལ་ལྟ་སྐོར་བྱས་ཤིང་། ལྷ་སའི་དགེ་སློབ་ཚོར་དམིགས་ནས་ཆེད་དུ་བཟོས་པའི“དྲ་ཐོག་ནས་རྟེན་མཛོད་ཁང་ལ་ལྟ་སྐོར་བྱས་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི”བྱེད་སྒོ་རབ་དང་རིམ་པ་སྤེལ་རྗེས་དགེ་སློབ་ཚོའི་གདེང་འཇོག་བཟང་པོ་མཐའ་གཅིག་ཏུ་ཐོབ་པ་མ་ཟད། པེ་ཅིང་གི་སློབ་གསོའི་བོད་སྐྱོར་ལས་དོན་གྱི“དྲ་ཐོག་ནས་མི་སྣ་སྐྱོང་བར”སླར་ཡང་བཀྲག་མདངས་འཚེར་ས་ཞིག་བསྣན་པ་རེད།

    འདི་ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་400ལྷག་ཙམ་པེ་ཅིང་དང་ཤིས་ཨན་སོགས་སུ་བསྐྱོད་དེ“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི”བརྗོད་དོན་གཙོ་བོའི་ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་སྤེལ་རེས་དང་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་དེ་རིགས་ལོ་ལྟར་རྒྱུན་དུ་སྤེལ་བཞིན་ཡོད་ཅིང་། ཞིང་འབྲོག་ཁུལ་གྱི་གཞོན་ནུ་ལོ་ཆུང་དེ་བས་མང་བ་པེ་ཅིང་དུ་ཚན་རྩལ་ལྟ་སྐོར་དང་། འཚར་ལོངས་ལྟ་སྐོར། རིག་གནས་ལྟ་སྐོར་བཅས་བྱེད་པར་བསྐྱོད་དེ་པེ་ཅིང་སོགས་ཀྱི་སློབ་མ་དང་རིག་རྩལ་མཉམ་འཁྲབ་དང་ལུས་རྩལ་འགྲན་བསྡུར་སོགས་ཀྱི་མཐུན་འབྲེལ་བྱེད་སྒོ་སྤེལ་ནས་སྣ་མང་ཕུན་སུམ་ཚོགས་པའི་ལག་ལེན་ཁྲོད་མི་རིགས་མཐུན་སྒྲིལ་རྡོག་རྩ་དེ་བས་གཅིག་ཏུ་སྒྲིལ་ཡོད།

    འདི་ལོའི་ཟླ་5པར་ལྷ་ས་གྲོང་ཁྱེར་གྱི་སློབ་མ་98ཀྱིས་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་པེ་ཅིང་གི་སློབ་མ་དང་མཉམ་དུ་འཁྲབ་སྟོན་བྱས་ཤིང་། ས་གནས་དེ་གའི་སློབ་མ་དང་གླུ་གཞས་གཅིག་མཉམ་དུ་གཏོང་བ་དང་། རི་མོ་གཅིག་མཉམ་དུ་འབྲི་བ། བསམ་འདུན་གཅིག་མཉམ་དུ་འགོད་པ། ལུས་རྩལ་འགྲན་ཚོགས་གཅིག་མཉམ་དུ་གཉེར་བ། མཉམ་དུ་གྲོང་ཁྱེར་པེ་ཅིང་སྐོར་བ་བཅས་བྱས་ནས་ལྷ་སའི་སློབ་མའི་ཉམས་འགྱུར་དང་བོད་ཀྱི་སྒྱུ་རྩལ་གྱི་ཉམས་འགྱུར་མངོན་པར་བྱས་ཏེ་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

    དཔེ་ཁྲིད་མི་སྐྱོང་།

    འཚར་ལོངས་ཀྱི་ལམ་བུ་བཤངས་པ།

    དཔེ་ཁྲིད་མི་སྐྱོང་དང་། ཤེས་བྱ་སློབ་པ། དོགས་གནད་སེལ་བ་བཅས་ནི་དགེ་རྒན་གྱི་ལས་འགན་ཡིན་པས། པེ་ཅིང་གི་སློབ་གསོའི་བོད་སྐྱོར་དགེ་རྒན་གྱིས་ངང་རྒྱུད་རིང་པོ་དང་། ཤེས་རབ་ཀྱིས་ཕྱུག་པ། བརྩེ་བ་ཟབ་མོ་འཆང་བ་བཅས་ཀྱི་ཐོག་ནས་འཆད་སྟེགས་སྟེང་འབད་འབུངས་བྱས་ཏེ་ལྷ་སའི་སློབ་གསོ་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་རྫོགས་མཐའ་མེད་པའི་སྒུལ་ཤུགས་བསྣན་ཡོད།

    སློབ་གསོ་པུས་གསར་དུ་བཟོ་བཅོས་བརྒྱབ་པའི་ལྟེ་བའི་སློབ་ཁྲིད་ཀྱི་སྟོན་ཕྱོགས་ཡིན་པའི་འོས་འགན་སློབ་གསོ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཚན་ཇུས་གཞི་དང་སློབ་ཚན་གྱི་ཚད་གཞིར་དམིགས་ནས་པེ་ཅིང་གི་བོད་སྐྱོར་སློབ་གསོ་ཚོགས་པས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། རོགས་སྐྱོར་བྱ་ཡུལ་དགེ་རྒན་གྱི་སྣེ་ཁྲིད་དེ་སློབ་ཚན་གྱི་ཚད་གཞི་གསར་པར་ཞིབ་འཇུག་གཏིང་ཟབ་དང་། སློབ་ཚན་ཁག་གི་མི་སྣ་གསོ་སྐྱོང་བྱེད་པའི་དམིགས་ཚད་ཁོང་དུ་ཡང་དག་ཆུད་པར་བྱེད་པ། རིག་ཚན་ཁག་གི་མི་སྣ་གསོ་སྐྱོང་བྱེད་པའི་རིན་ཐང་ཤེས་རྟོགས་གཏིང་ཟབ་བཅས་བྱས་ཏེ་སློབ་ཁྲིད་ལ་གཞི་འཛིན་ས་ཡོད་པ་དང་། སློབ་སྦྱོང་ལ་ཐབས་ཤེས་ཡོད་པ། དཔྱད་དཔོག་ལ་ཚད་གཞི་ཡོད་པ་བཅས་བྱས་ནས། ལྟེ་བའི་བྱང་ཚད་ལ་བརྟེན་ནས་སློབ་མ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    “ཞིབ་འཇུག་རྣམ་པའི་སློབ་ཁྲིད་བྱེད་སྟངས་ཀྱིས་དགེ་རྒན་ནི་སློབ་ཁྲིད་ཀྱི་ཞིབ་འཇུག་པ་ཞིག་ཡིན་པ་ལས་སློབ་ཁྲིད་སྒྲིག་འཛུགས་བྱེད་མཁན་དང་སློབ་སྦྱོང་གི་ལས་འགན་བཀོད་སྒྲིག་བྱེད་མཁན་ཁོ་ན་བྱེད་མི་ཉན་པའི་བླང་བྱ་བཏོན་ཡོད། སློབ་མ་ཞིབ་འཇུག་བྱེད་དུ་འཇུག་པར་སྔོན་ལ་དགེ་རྒན་གྱིས་ཞིབ་འཇུག་བྱེད་དགོས། པེ་ཅིང་གི་བོད་སྐྱོར་དགེ་རྒན་གྱི་སློབ་ཁྲིད་འདུ་ཤེས་དང་བྱ་ཐབས་ཐད་ང་ཚོས་སློབ་སྦྱོང་དང་བསམ་གཞིག་བྱེད་འོས་པ་ཞིག་འདུག”ཅེས་ལྷུན་གྲུབ་རྫོང་སློབ་འབྲིང་གི་དགེ་རྒན་ཕུར་བུ་སྒྲོལ་མས་པེ་ཅིང་གི་བོད་སྐྱོར་དགེ་རྒན་གྱི་སློབ་ཁྲིད་ལྟ་སྦྱོང་བྱེད་སྒོར་ཞུགས་རྗེས་དེ་ལྟར་བཤད།

    རང་བརྟེན་ལ་ཤུགས་སྣོན།

    ཡུལ་དེའི་དགེ་རྒན་གསོ་སྐྱོང་བྱས་པ།

    སློབ་ཁྲིད་དང་ཞིབ་འཇུག་ལ་སྐུལ་ཁྲིད་བྱེད་རྒྱུ་དེ་དགེ་རྒན་ཞིག་གི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེན་པོ་ཞིག་ཡིན་ཞིང་། དེ་ནི་སློབ་གསོའི་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། པེ་ཅིང་གི་བོད་སྐྱོར་སློབ་གསོ་ཚོགས་པས་ཞིབ་འཇུག་ལ་བརྟེན་ནས་སློབ་ཁྲིད་ལ་སྐུལ་འདེད་གཏོང་བ་དང་ཞིབ་འཇུག་བྱེད་ཞོར་སྐུལ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་ཀྱི་ལྟེ་བའི་བྱང་ཚད་དང་སློབ་གསོ་སློབ་ཁྲིད་ཀྱི་གཞི་རྩའི་ནུས་པར་དམིགས་ཏེ་ལྷ་ས་གྲོང་ཁྱེར་གྱི་དགེ་རྒན་ལ་ལས་རིགས་ཀྱི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། སློབ་གསོའི་འདུ་ཤེས་གསར་བརྗེས་བྱེད་པ། སློབ་ཁྲིད་བྱེད་སྟངས་ལེཌ་སུ་གཏོང་བ་བཅས་ཀྱི་ཁྲིད་སྟོན་བྱས་ནས་དངོས་སྦྱོང་དང་། དངོས་སྤྱོད། དངོས་ཕན་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད།

    “སློབ་དུས་འདིར་ངས་ཉིན་ལྟར་པེ་ཅིང་དགེ་འོས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་གི་རྒན་ཡུས་ཅུན་དང་རྒན་ལིའུ་མེ་ལིང་གི་ངོ་མཚར་ཆེ་བའི་བརྙན་ལམ་སློབ་ཁྲིད་ལ་བལྟས་པས། སློབ་ཁྲིད་ཀྱི་འདུ་ཤེས་དང་སློབ་ཁྲིད་བྱེད་སྟངས་ཐད་ནས་ཕན་པ་ཆེན་པོ་ཐོབ་བྱུང་། སླད་ཕྱིན་ངས་སློབ་ཁྲིད་བྱེད་རིང་སློབ་སྦྱོང་དང་། བེད་སྤྱོད་བྱེད་རིང་སློབ་སྦྱོང་། གསར་གཏོད་བྱེད་རིང་སློབ་སྦྱོང་བཅས་བྱས་ཏེ་ཉམས་མྱོང་དེ་དག་སློབ་ཁྲིད་བྱེད་རིང་སྤྱོད་རྒྱུ་ཡིན”ཞེས་སློབ་དུས་གཅིག་གི་ལས་གནས་ཞིབ་འཇུག་ཟབ་སྦྱོང་མཇུག་འགྲིལ་རྗེས་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པའི་དགེ་རྒན་ལི་ཡུས་ཏུའོ་ཡིས་དེ་ལྟར་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།