དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཡུལ་ཤུལ་གྲུ་བའི་མདའ་ཆུ་དཔྱད་ས་ཚིགས་ཀྱིས།

    མི་ཐབས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་ཐབས་ནས་འཕྲུལ་ཆས་ཅན་ལ་སྒྱུར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཙེ་ཆི་དང་ཁྲེན་ཅེས།   |     སྤེལ་དུས།  2023-07-13

    གྲུ་བའི་མདའ་ཆུ་དཔྱད་ས་ཚིགས་ཀྱི་ཀྲན་ཀྲང་ཙོའུ་ཧའེ་མིང་གྲུ་བའི་མདའ་ཆུ་དཔྱད་ས་ཚིགས་ཀྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་བསྐྱོད་དེ་ཉིན་དེའི་ལྟ་ཞིབ་ཚད་ལེན་གྲངས་གཞི་གོང་ཞུ་བྱེད་འགོ་ཚུགས། “ཆུ་དཔྱད་ས་ཚིགས་འཕྲུལ་ཆས་ཅན་གྱི་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཀྱིས་བྱེ་མ་འདྲེས་ཚད་དང་ཆར་པ་བབས་ཚད་སོགས་གྲངས་གཞི་ཐོ་འགོད་བྱེད་ཀྱི་ཡོད། དེ་སྔའི་ཆུ་ཚོད་བཞི་ལྔའི་ལས་འབོར་ད་ཆ་སྐར་མ་བཅུའི་ནང་སྒྲུབ་ཐུབ་ཀྱི་འདུག” ཅེས་ཙོའུ་ཧའེ་མིན་གྱིས་བཤད།

    ས་བབ་མཐོ་ཚད་སྨི་3600ལྷག་ཙམ་ཡོད་པའི་གྲུ་བའི་མདའ་ཆུ་དཔྱད་ས་ཚིགས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་ཞིབ་དབུས་གྲོང་རྡལ་དུ་གནས་པ་དང་ས་ཚིགས་བཙུགས་ནས་ད་བར་ལོ་67འགྲོ་གི་ཡོད། དེ་གར་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་དང་བར་ཐག་སྤྱི་ལེ་6ལྷག་ཙམ་ཡོད་པས་འབྲི་ཆུའི་ཆུ་འགོའི་ཆུ་གཞུང་གི་ཐོན་སྒོ་བརྟན་སྲུང་བྱེད་ཀྱི་ཡོད།

    “གྲུ་བའི་མདའ་ཆུ་དཔྱད་ས་ཚིགས་ཀྱི་རྒྱ་ཁྱོན་ཆེན་པོ་མེད་རུང་། གཙང་པོ་འབབ་རྒྱུད་ཀྱི་གཞི་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་13.77ཚད་ལེན་ཐུབ་ཀྱི་ཡོད། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཚད་ལེན་སྙན་ཞུའི་འབབ་རྒྱུད་ཀྱི་གཞི་ཁྱོན་ཆེ་ཤོས་ཡིན་པའི་རྒྱལ་ཁབ་ཀྱི་ཆུ་དཔྱད་ས་ཚིགས་དང་ཀྲུང་དབྱང་འབྲུབ་དུས་སྙན་སེང་ཞུ་བའི་ས་ཚིགས་གལ་ཆེན་ཞིག་ཡིན་པ་དང་། འབྲི་ཆུའི་ཆུ་དཔྱད་ལྟ་ཞིབ་ཚད་ལེན་དང་ཆུའི་གནས་ཚུལ་སྔོན་བརྡ་སོགས་ཀྱི་ལས་འགན་འཁུར་གྱི་ཡོད་པས། འབྲི་ཆུའི་ཆུ་འགོའི་ཆུ་དཔྱད་དཔྱད་གཞིའི་མཛོད་ཅིག་རེད་ཅེས་བརྗོད་ན་འགྲིག”ཅེས་ཙོའུ་ཧའེ་མིན་གྱིས་བཤད།

    དེ་སྔའི་ཀྲན་ཀྲང་ཆི་ཧའེ་ཧྥུང་གིས་ཆུ་དཔྱད་ས་ཚིགས་སུ་ལས་ཀ་ལོ་30ལྷག་ཙམ་བྱས་པས་དེ་གའི་ཆུ་དཔྱད་ལས་དོན་གྱི་འཕོ་འགྱུར་ལ་བདེན་དཔང་བྱེད་ཐུབ། 1991ལོར་ཆི་ཧའེ་ཧྥུང་སློབ་མཐར་ཕྱིན་རྗེས་ཆུ་དཔྱད་ས་ཚུགས་སུ་སླེབས། སྒྲིག་ཆས་ཆ་ཚང་པོ་མེད་པས་ཁོང་གིས་ཤེས་པའི་ལག་རྩལ་དང་པོ་ནི་གྲུ་གཏོང་བ་དང་རྩིས་རྒྱག་རྒྱུ་དེ་རེད།

    “སྐབས་དེ་དུས་ཆ་རྐྱེན་དཀའ་ཚེགས་ཆེ་བས་ཆུ་དཔྱད་ཆ་འཕྲིན་འཚོལ་བསྡུ་བྱེད་པར་ངེས་པར་དུ་གྲུ་གཟིངས་བསྡད་དེ་ཚད་ལེན་བྱེད་དགོས། གལ་སྲིད་གྲུ་གཟིངས་གཏོང་མ་ཤེས་ན་ལས་ཀ་བྱེད་ཐབས་བྲལ། དགུན་དུས་ཆུ་དཔྱད་ས་ཚིགས་ཀྱི་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ལྷག་ཙམ་ཟིན་གྱི་ཡོད་ནའང་། ང་ཚོས་ཁ་བ་བུ་ཡག་ལ་མི་འཛེམས་པར་ཚད་ལེན་བྱེད་དགོས་ཀྱི་ཡོད། ཚད་ལེན་བྱེད་ཐེངས་རེར་ཆུ་ཚོད་བཞི་ལྔ་ཙམ་འགོར་གྱི་རེད”ཅེས་ཆི་ཧའེ་ཧྥུང་གིས་བཤད།

    2007ལོར་ཕྱིར་སློབ་སྦྱོང་ལ་འགྲོ་སྐབས། ཆི་ཧའེ་ཧྥུང་གིས་ཚན་པ་གཞན་དག་གིས་ADCPསྤྱད་ནས་ཚད་ལེན་བྱས་ཏེ་ཆུ་ཚོད་བཞིའི་ལས་ཀ་ཆུ་ཚོད་ཕྱེད་ཀའི་ནང་ལེགས་སྒྲུབ་ཐུབ་པ་མཐོང་།

    “འཕྲུལ་ཆས་དེ་ནང་འདྲེན་བྱེད་དགོས་ངེས་རེད་འདུག”སློབ་སྦྱོང་མཇུག་འགྲིལ་རྗེས། ཆི་ཧའེ་ཧྥུང་གིས་འཕྲུལ་ཆས་དེ་རིགས་ནང་འདྲེན་བྱས་ཏེ་ཆུ་དཔྱད་ས་ཚིགས་ཀྱི་ལས་ཆོད་ཆེ་རུ་བཏང་ཡོད་མོད། འོན་ཀྱང་འཕྲུལ་ཆས་ཉམས་བཟོ་ཡང་སེ་བྱེད་དགོས་སྟབས་དཀའ་ངལ་ཆེན་པོ་འཕྲད།

    “ཆུ་དཔྱད་ས་ཚིགས་ཐག་རིང་ལུང་ཁུག་ཏུ་གནས་པས་གལ་ཏེ་བཟོ་གྲྭ་ཁོ་ནར་བརྟེན་ནས་འཕྲུལ་ཆས་ཉམས་བཟོ་དགོས་ན། དུས་ཡུན་རིང་བ་དང་མ་གནས་མཐོ་བའི་ཁར་ཆུ་དཔྱད་གྲངས་གཞིའི་ལྟ་ཞིབ་ཚད་ལེན་ལས་དོན་ཡང་མཚམས་འཇོག་བྱེད་ཐབས་བྲལ”ཞེས་ཆི་ཧའེ་ཧྥུང་གིས་ཚང་མའི་སྣེ་ཁྲིད་ནས་བཟོ་གྲྭ་ནས་འཕྲུལ་ཆས་བཟོ་སྟངས་སློབ་སྦྱོང་བྱས་ཏེ། ལག་རྩལ་རང་ཉིད་ཀྱིས་ཁོང་དུ་ཆུད་པར་བྱས་པས་ད་ལྟ་མི་ཚང་མས་འཕྲུལ་ཆས་བྱང་ཆུབ་པ་བཀོལ་སྤྱོད་དང་ཉམས་བཟོ་བྱེད་ཐུབ་ཀྱི་ཡོད་པ་རེད།

    “འབྲི་ཆུའི་ཆུ་འགོར་ཚད་ལེན་གཏིང་ཟབ་ཡོང་བར་གྲངས་གཞི་འབོར་ཆེན་རྟོགས་དགོས། ཟོག་འབྲེལ་དྲ་རྒྱ་དང་གྲངས་གཞི་ཆེ་མོ་སོགས་ཀྱི་ལག་རྩལ་སྤྱད་དེ་ཆུ་དཔྱད་ས་ཚིགས་ཀྱི་འགན་ནུས་གྲངས་གཞི་ལྟ་ཞིབ་ཚད་ལེན་ནས་གྲངས་གཞི་བསྡུ་སྒྲིལ་དང་དབྱེ་ཞིབ་བར་རྒྱ་སྐྱེད་བཏང་བས། ཆུའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཐད་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་ཡོད”ཅེས་ཙོའུ་ཧའེ་མིན་གྱིས་བཤད།

    ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལོ་མང་རིང་བྱས་པ་བརྒྱུད། གྲུ་བའི་མདའ་ཆུ་དཔྱད་ས་ཚིགས་མཚོ་སྔོན་ཞིང་ཆེན་གྱི་རང་འགུལ་ཅན་གྱི་ཚད་གཞི་མཐོ་ཤོས་དང་། ལྟ་ཞིབ་ཚད་ལེན་རྣམ་གྲངས་ཆ་ཚང་ཤོས། ཚོད་ལྟའི་ཆ་རྐྱེན་ཡག་ཤོས་བཅས་ཀྱི་ཆུ་དཔྱད་ས་ཚིགས་སུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།