ཀྲུང་གོའི་དཔལ་འབྱོར་སྒུལ་ཤུགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་སླར་གསོ་ཤུགས་ཆེན་ཡོང་བར་སྐུལ་འདེད་གཏོང་བ།
འདི་ལོ་ནི་རིམས་ནད་རྗེས་ཀྱི་སླར་གསོའི་འགག་རྩའི་ལོ་ཞིག་ཡིན་པ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གསོན་ཤུགས་ལྡན་ཤོས་ཀྱི་ས་ཁུལ་ཡིན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་ལ་འགྲན་སློང་རབ་དང་རིམ་པ་འཕྲད་པ་ལས་དཔལ་འབྱོར་གྱི་མཉེན་ཤུགས་མངོན་བཞིན་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དངོས་ཚན་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ཀྲུང་གོའི་དཔལ་འབྱོར་འཕར་བའི་མངོན་མེད་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པས་སྒུལ་ཤུགས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་འཕར་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་གྱི་མཉེན་ཤུགས་འདང་ངེས་ཡོད་པས་སླར་གསོ་བྱེད་ཤུགས་ཆེ་བ།
འདི་ལོ་ནས་བཟུང་གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་འགོར་ཡང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་ལ་མཉེན་ཤུགས་ཆེན་པོ་མངོན་པ་སྟེ། ལོ་སྟོད་དུ་འཕེལ་རྒྱས་འགྲོ་འགོར་བ་ནས་སླར་གསོ་ཤུགས་ཆེན་གྱི་བགྲོད་ལམ་དུ་བསྐྱོད་ཡོད།
ཟླ་བཞི་པར་ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་དཔལ་འབྱོར་རྒྱང་ལྟའི་སྙན་ཞུའི་ནང་འཛད་སྤྱོད་དང་། ཡུལ་སྐོར། མ་འཇོག་སོགས་རིམ་བཞིན་རྒྱུན་རྣམ་ཅན་དུ་སླར་གསོ་བྱུང་བ་དང་བསྟུན་ནས། འདི་ལོ་དང་སང་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ཁྲོད་དཔལ་འབྱོར་དངོས་ཚན་འཕར་ཚད་དེ་བས་མཐོང་སྣང་དོད་པོར་གྱུར་ནས་འཕར་ཚད་4.8%ཟིན་པ་དེ་2022ལོ་ལས་4.2%ཀྱིས་མཐོ་བ་ཡོད་པ་དང་། དེའི་ནང་ཀྲུང་གོའི་དཔལ་འབྱོར་དེ་ས་ཁུལ་གྱི་དཔལ་འབྱོར་འཕར་བའི་བཀྲག་མདངས་འཚེར་ས་གཙོ་བོར་གྱུར་ཡོད།
ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཕུའུ་ཀྲི་ཧྲུའེ་ཡིས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་དངོས་ཚན་ལ་སླར་གསོ་ཆེན་པོ་ཡོང་རེ་ཡོད། འོན་ཀྱང་འགྲན་སློང་མང་པོ་སྔར་བཞིན་གནས་ཡོད། “ས་ཁུལ་དེ་གའི་དཔལ་འབྱོར་དངོས་ཚན་ཁག་གི་སྲིད་གཞུང་གིས་མུ་མཐུད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་གཞི་གཅིག་ཅན་གྱི་རྒྱབ་སྐྱོར་རང་བཞིན་གྱི་སྲིད་ཇུས་གཞི་རྩར་འཛིན་ཏེ་ཚོང་དོན་དང་མ་འཇོག་ལ་སྐུལ་འདེད་བཏང་ནས་ཐོན་སྐྱེད་ནུས་ཤུགས་དང་མཉེན་ཤུགས་ཆེ་རུ་གཏོང་རྒྱུ་རེད”ཅེས་བརྗོད།
འདི་ལོའི་ཟླ་6པར《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》(RCEP)མིང་རྟགས་འགོད་མཁན་རྒྱལ་ཁབ་15ལ་ཕྱོགས་ཡོངས་ནས་ནུས་པ་ཐོན་ཡོད། གྲོས་ཆོད་ལ་གཞིགས་ན། ས་ཁོངས་ནང་གི་90%ཡན་གྱི་དངོས་ཟོག་ཉོ་ཚོང་ལ་སྒོ་ཁྲལ་མི་བསྡུ་བ་དེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཚོང་དོན་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྔར་བས་སྐུལ་འདེད་ཐུབ་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་འཕར་བའི་ནང་གནས་སྒུལ་ཤུགས་ཆེ་རུ་ཕྱིན་ཡོད།
པོ་ཧྲི་ཏུན་བློ་འདྲི་ཀུང་སིའི(BCG)ཞིབ་འཇུག་གསར་ཤོས་ལ་གཞིགས་ན། ཨེ་ཤེ་ཡའི་ཁེ་ལས་ཀྱི་གཙོ་འཛིན་71%གིས་ཀུང་སིའི་དུས་དཀྱིལ་གྱི་གྲུབ་འབྲས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་མ་ཟད་ཡུན་རིང་མ་དངུལ་གཏོང་རྒྱུའི་འཆར་གཞི་ཡང་བཀོད་ཡོད།
“འཛམ་གླིང་འགག་རྩའི་དུས་སྐབས་སུ་གནས་ཡོད་པས་དུས་རབས་ཉེར་གཅིག་པའི་གནས་བབ་ལ་འགྱུར་ལྡོག་འགྲོ་བཞིན་ཡོད། འོན་ཀྱང་ཨེ་ཤེ་ཡ་ནི་གཙོ་ཁྲིད་ཅིག་རེད”ཅེས་BCGཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཀྲུའུ་ཞི་ཨན་དབྱི་ཅེ་ཡིས་མི་རིང་བའི་གོང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་དེ་ལྟར་བརྗོད།
དུས་རབས་གོང་མའི་ལོ་རབས་དགུ་བཅུ་པའི་དུས་མཇུག་གི་ཨེ་ཤེ་ཡའི་དངུལ་རྩའི་ཉམས་ཉེན་ནས་2008ལོའི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་བར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་ལ་བར་ཆད་མང་པོ་འཕྲད་ཀྱང་བསྐྱར་དུ་འཕེལ་རྒྱས་བྱུང་ནས“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ངོ་མཚར”ཟམ་མི་ཆད་པར་བཏོད་ཡོད། མིག་སྔའི་འཛམ་གླིང་གི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བ་དང་རྒྱལ་ཁབ་ཆེན་པོའི་དབར་གྱི་འགྲན་རྩོད་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད། འོན་ཀྱང་མཉམ་ལས་གཉིས་ཕན་ནི་སྔར་བཞིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འབྱུང་འགྱུར་གྱི་ལམ་བུ་ཡག་ཤོས་རེད།
ཀྲུང་གོའི་དཔལ་འབྱོར་འཕར་བའི་མངོན་མེད་ཀྱི་སྟོབས་ཤུགས་དང་སྒུལ་ཤུགས་ཆེ་བ།
ཨེ་ཤེ་ཡ་གསར་སྤེལ་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི《2023ལོའི་ཨེ་ཤེ་ཡའི་དཔལ་འབྱོར་གཞི་གཅིག་ཅན་གྱི་སྙན་ཞུ》གཞིར་བཟུང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་སླར་གསོ་ཡོང་བར་ཀྲུང་གོའི་ཕན་ནུས་ཤུགས་ཆེན་ཐོན་ཡོད། ཀྲུང་གོས་ས་ཁུལ་དེའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་64.2%ཟིན་ཡོད། ཀྲུང་གོས་ད་དུང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དངོས་ཟོག་ཉོ་ཚོང་འཕར་ཚད་ལ་ལེགས་སྐྱེས་37.6%ཕུལ་བ་དང་ཞབས་ཞུའི་ཚོང་དོན་འཕར་ཚད་ལ་ལེགས་སྐྱེས་44.6%ཕུལ་ཡོད།
ཟླ་6པར་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་གྱི་གྲངས་གཞིར་བལྟས་ན། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་བཀྲག་མདངས་འཚེར་ས་མང་བ་སྟེ། ཟླ་དང་པོ་ནས་ལྔ་པའི་བར་ལག་རྩལ་མཐོ་བའི་ཐོན་ལས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་12.8%འཕར་ནས་མ་འཇོག་ཡོངས་ཀྱི་འཕར་ཚད་ལས་མངོན་གསལ་དོད་པོས་མགྱོགས་པ་ཡོད་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་དང་གློག་སྡོང་ཐོན་རྫས་ཀྱི་ཐོན་འབོར་དུས་མཚུངས་ལས་37%དང་57.7%སོ་སོར་འཕར་ཡོད། གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་མགྱོགས་པོ་འགྲོ་བཞིན་ཡོད། ལོ་ཧྲིལ་པོར་བལྟས་ན། འཛད་སྤྱོད་ཀྱི་སྐུལ་ཁྲིད་ནུས་པ་རིམ་བཞིན་ཆེ་རུ་འགྲོ་རེ་ཡོད་པ་དང་། གསར་གཏོད་ཀྱི་འགུལ་ནུས་ཆེ་རུ་ཕྱིན་ཏེ་སྒྱུར་བཅོས་སྒོ་དབྱེའི་ཕན་པ་མུ་མཐུད་མངོན་ནས་ལོ་ཧྲིལ་པོའི་སྔོན་དཔག་གི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ལ་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།
འདི་ལོ་ཕྱི་རྒྱལ་ཁེ་ལས་གྲགས་ཅན་གྱི་མཐོ་རིམ་དོ་དམ་པ་ཡང་ནས་ཡང་དུ་ཀྲུང་གོར་འཚམས་འདྲིར་ཡོང་བ་དེ་ནི་རྒྱལ་སྒྲོལ་ཁེ་ལས་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་ལྟ་སྟངས་ཡག་པོ་འཛིན་པ་དང་ཀྲུང་གོའི་ཁྲོམ་རར་མུ་མཐུད་དོ་ཁུར་བྱེད་ལུགས་མངོན་གྱི་ཡོད། ཀྲུང་གོའི་ཚོང་དོན་པུའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་ཧྥ་རན་སེ་དང་། དབྱིན་ཇི། ཁ་ན་ཏ། རི་པིན་བཅས་ཀྱིས་ཀྲུང་གོར་དངོས་སུ་མ་འཇོག་བྱེད་ཚད་དུས་མཚུངས་ལས་429.7%དང་། 179.2% 170.1% 63.3%བཅས་སོ་སོར་འཕར་ཡོད།
གཞན་ཡང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་། འཛམ་གླིང་དངུལ་ཁང་། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་སོགས་རྒྱལ་སྤྱིའི་སྒྲིག་གཞིས་འདི་ལོ་ནས་བཟུང་2023ལོའི་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྔོན་དཔག་མཐོ་རུ་བཏང་ཡོད། འཛམ་གླིང་དངུལ་ཁང་གིས་2023ལོར་ཀྲུང་གོའི་དཔལ་འབྱོར་5.6%འཕར་རྒྱུ་ཡིན་པའི་སྔོན་དཔག་བྱས་པ་དང་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་5.4%འཕར་རྒྱུ་ཡིན་པའི་སྔོན་དཔག་བྱས་པ་རེད། སྒྲིག་གཞི་ཆེན་པོ་གཉིས་པོས་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད།