དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུས་འཛམ་གླིང་གི་བློ་སྒོ་ཕྱེ་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-12

    འཛམ་གླིང་ཐོག་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུས་རང་རྒྱལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་གཉིས་འགལ་མེད་མཉམ་གནས་ཐུབ་པར་བྱས་པ་མ་ཟད། གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་སྐྲུན་བྱེད་པར་བློ་སྒོ་གསར་པའང་ཕྱེ་ཡོད།

    ཀྲུང་གོར་མི་འབོར་མང་ལ་ཐོན་ཁུངས་དང་ཁོར་ཡུག་གི་གནོན་ཤུགས་ཆེན་པོ་ལྡན་ཡང་། ཀྲུང་གོས་དེང་རབས་ཅན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད“འཕེལ་རྒྱས་ཁོ་ནར་ལྟ་བ་ལས་སྐྱེ་ཁམས་ལ་མི་ལྟ་བའི”ནུབ་ཕྱོགས་ཀྱི་ལམ་རྙིང་པར་གཏན་ནས་མི་བསྐྱོད་པར་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་འཕེལ་རྒྱས་དོན་གཉེར་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་ཞིང་། ལོ་མང་འཚོལ་ཞིབ་དང་ལག་ལེན་བསྟར་བ་བརྒྱུད་ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་། མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བ་ཕན་ཚུན་སྤེལ་ཟླ་བྱེད་རེས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བཅས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།

    སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ་བྱས་པར་མཚོན་ན། 2012ལོ་ནས་2021ལོའི་བར། རིམ་རྩིས་བྱས་ན། ཀྲུང་གོས་ནགས་བཟོ་མུའུ་དུང་ཕྱུར་9.6དང་། བྱེ་འགོག་བྱེ་བཅོས་མུའུ་དུང་ཕྱུར་2.78 རྩྭ་མུའུ་དུང་ཕྱུར་6བཏབ་པ། འདམ་ར་མུའུ་ཁྲི་1200ལྷག་ཙམ་གསར་སྣོན་དང་སླར་བཟོ་བཅས་བྱས་ཡོད། ཀྲུང་གོའི་ནགས་ཚལ་ཁེབས་ཚད་དང་ནགས་ཚལ་གསོག་ཚད་ལོ་30ལྷག་ཙམ་བསྟུད་མར“གཉིས་འཕར”རྒྱུན་འཁྱོངས་ཐུབ་ནས་གོ་ལ་ཧྲིལ་པོའི་ནགས་ཚལ་ཐོན་ཁུངས་འཕར་མང་ཤོས་དང་མི་ཐབས་ནགས་བཟོའི་རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ལ། ཀྲུང་གོས་འཛམ་གླིང་ཁྱབ་ཁོངས་སུ་ས་ཞིང་ཞན་འགྱུར་རྩ་བ་ནས་མེད་པ་དང་ཐང་རྒོད་ཅན་གྱི་ས་ཞིང་དང་བྱེ་འགྱུར་ས་ཞིང་གི་རྒྱ་ཁྱོན“གཉིས་ཀ་ཆག་རྒྱུ”སྔོན་ལ་མངོན་འགྱུར་བྱས་ཡོད། 2000ལོ་ནས་བཟུང་། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་སྔོ་འགྱུར་གྱི་གཙོ་ཤུགས་དམག་ཅིག་ཏུ་གྱུར་ནས་གོ་ལ་ཧྲིལ་པོའི་སྔོ་འགྱུར་རྒྱ་ཁྱོན་གྱི་བཞི་ཆ་གཅིག་ཙམ་ཀྲུང་གོར་ཡོད་པ་རེད།

    ཀྲུང་གོའི་ཐོན་ལས་ཀྱི་གྲུབ་ཆའང་རྒྱུན་མཐུད་ལེགས་སྒྲིག་དང་ལེགས་སུ་འགྲོ་བཞིན་ཡོད་ལ་བསྐྱར་སྐྱེས་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་ཀྱང་མྱུར་པོ་བྱུང་ཡོད། ད་ཆ་རླུང་གློག་དང་འོད་གློག་སོགས་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་སྐྱེད་ཀྱི་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོར་སླེབས་ལ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་སྤུས་ཚད་དང་ཕན་འབྲས་མུ་མཐུད་ཆེ་རུ་ཕྱིན་ནས་ནུས་རྒྱུ་གྲོན་ཆུང་དང་། ཆུ་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་། བསྐྱར་སྐྱེས་ནུས་རྒྱུ་སོགས་ཁྱབ་ཁོངས་ཁག་ལ་ཁྱབ་པའི་ལྗང་མདོག་ལག་རྩལ་གྱི་སྒྲིག་ཆས་བཟོ་སྐྲུན་མ་ལག་གྲུབ་ནས་ནུས་རྒྱུའི་སྒྲིག་ཆས་དང་། ཆུ་གྲོན་ཆུང་སྒྲིག་ཆས། སྦགས་བཙོག་བཅོས་སྒྲིག ཁོར་ཡུག་ལྟ་ཞིབ་སོགས་ཁྱབ་ཁོངས་མང་པོའི་ལག་རྩལ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད་ཅིང་། ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་བྱེད་ཚད་ཁྲི་2000ཟིན་གྱི་ཡོད།

    ཀྲུང་གོ་ད་དུང་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས་ལྗང་མདོག་གི“རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་དང་ཕྱོགས་མང་གི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་ངང་སྤེལ་བ། དྲང་གཞག་ལུགས་མཐུན་དང་མཉམ་ལས་གཉིས་ཕན་གྱི་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གོ་ལ་ཧྲིལ་པོ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཞིང་། བྱ་སྤྱོད་ཞིབ་ཕྲའི་ནང་། བློ་བརྟན་འགྱུར་མེད་ངང《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་སྒྲོམ་གཞིའི་སྤྱི་ཆིངས》དོན་འཁྱོལ་བྱས་པ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལྷོ་ལྷོ་མཉམ་ལས་ཀྱི་ལས་དོན་ཧུར་ཐག་སྤེལ་བ། “རྒྱུད་གཅིག་ལམ་གཅིག”གི་ལྗང་མདོག་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་མནའ་འབྲེལ་བཙུགས་པ། རྒྱ་གར་དང་། པར་ཙིར། ལྷོ་ཨ་ཧྥེ་རི་ཁ། ཨ་རི། འཇར་མན། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོའི་དབར་ནུས་རྒྱུ་གྲོན་ཆུང་དང་། ཁོར་ཡུག་སྲུང་སྐྱོང་། ནུས་རྒྱུ་གཙང་མ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། ཐང་རྒོད་ཅན་འགོག་བཅོས། རྒྱ་མཚོ་དང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་བཅས་ཀྱི་མཉམ་ལས་སོགས་ཚུད་ཡོད།

    “རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་ལག་ལེན་ལ་རྒྱལ་སྤྱིའི་ཁས་ལེན་སྔར་བས་མང་བ་ཐོབ་པ་སྟེ། “བྱང་གསུམ”འགོག་སྲུང་ནགས་ཚལ་ལས་གྲྭ་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས་གོ་ལ་ཧྲིལ་པོའི་བྱེ་ཐང་གི“སྐྱེ་ཁམས་དཔལ་འབྱོར་དཔེ་སྟོན་ཁུལ”ལ་གཏན་འཁེལ་བྱས་པ་དང་། སའེ་ཧན་ཆུ་རགས་ནགས་རའི་འཛུགས་སྐྲུན་པ་དང་། ཀྲེ་ཅང་ཞིང་ཆེན་གྱི“གྲོང་ཚོ་སྟོང་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”གི་འདུ་འགོད་སོགས་ལ་སྔ་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་མཚན་སྙན་མཐོ་ཤོས“སའི་གོ་ལའི་སྲུང་དམག་བྱ་དགའ”ཐོབ་པས། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས་ཀྲུང་གོའི་ས་ཁུལ་ཁག་གཅིག་ལ་དུས་ཐུང་ནང་ནུབ་ཕྱོགས་རྒྱལ་ཁབ་ཁ་ཤས་ཀྱིས་ལོ་བཅུ་ཕྲག་རིང་ཁོར་ཡུག་བཅོས་སྐྱོང་བྱས་པའི་གྲུབ་འབྲས་ཐོབ་པ་དེ་ཐོག་ནས་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ཀྲུང་གོའི་ཆོད་སེམས་དང་བློ་གྲོས་མངོན་ཡོད་ཅེས་བཤད།

    ལྗང་མདོག་འཕེལ་རྒྱས་ནི་རང་བྱུང་ཁམས་ལ་བསྟུན་པ་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཤིག་དང་། ཐོན་ཁུངས་དང་ཁོར་ཡུག་གི་རིན་དོད་ཆེས་ཉུང་བར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཆེ་ཤོས་ཐོབ་པར་བྱེད་པའི་འཕེལ་རྒྱས་ཤིག་ཡིན་ལ། སྤུས་ཚད་མཐོ་ལ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཤིག་ཀྱང་ཡིན་པས། རྒྱལ་ཁབ་མང་པོའི་ཐུན་མོང་གི་ངོས་འཛིན་ལ་འགྱུར་བཞིན་ཡོད། དེར་བརྟེན། ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནང་ཞུགས་མཁན་དང་། ལེགས་སྐྱེས་འབུལ་མཁན། སྣེ་འཁྲིད་མཁན་བཅས་གཙོ་བོ་ཞིག་ཡིན་པས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཁེ་ཕན་མཉམ་གནས་དང་། ཁེ་དབང་མཉམ་སྤྱོད། འགན་འཁྲི་མཉམ་འཁུར་བཅས་ཀྱི་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བཅོས་སྐྱོང་གི་རྣམ་པ་གཏོད་པར་ཧུར་ཐག་ཞུགས་ནས་མིའི་རིགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་འབུལ་གྱི་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།