དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》

    (གནད་བསྡུས་ངོ་སྤྲོད)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-12

    《སྒྱུར་བཅོས་སྒོ་དབྱེ་ནམ་ཡང་ཚར་དུས་མེད》

    (2012ལོའི་ཟླ་12ཚེས་7ནས་11ཉིན་བར)

    《སྒྱུར་བཅོས་སྒོ་དབྱེ་ནམ་ཡང་ཚར་དུས་མེད》ཅེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་དུ་ལས་དོན་ལ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ནང་གི་དུམ་བུ་ཞིག་རེད། རྩོམ་ཡིག་འདིའི་ནང་། སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་ལས་དབང་གཏན་འཁེལ་བྱེད་པའི་འགག་རྩའི་ཐབས་ཇུས་ཤིག་རེད་ལ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགག་རྩའི་ཐབས་ཇུས་ཤིག་ཀྱང་རེད། ད་ཆ་རང་རྒྱལ་གྱི་སྒྱུར་བཅོས་ནི་འགག་སྒྲོལ་གྱི་དུས་སྐབས་དང་རྙོག་འཛིང་ཆེ་སར་སླེབས་ཡོད་པས། སྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་སྒྱུར་བཅོས་ཀྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཉམ་སྡེབ་རང་བཞིན་བཅས་ལ་དེ་བས་མཐོང་ཆེན་བྱས་ཏེ། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་དང་། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བར་ཡིད་ཆེས་བརྟན་དུ་གཏོང་བ་དང་། ཐུན་མོང་ངོས་འཛིན་གཅིག་སྒྲིལ། སྤྱི་འདོམས་ཇུས་འགོད། མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། སྒྱུར་བཅོས་སྒོ་དབྱེའི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་དཀའ་བ་དང་དུ་ལེན་ཕོད་པ་དང་ཉེན་ཁ་ལས་སྒྲོལ་ཕོད་པར་བྱས་ཏེ། གཅིག་ནས་བསམ་བློའི་འདུ་ཤེས་ཀྱི་འགལ་རྐྱེན་ལས་ཐར་བ་དང་། གཉིས་ནས་ཁེ་ཕན་གྱི་འཆིང་རྒྱ་ལས་གྲོལ་བར་བྱས་ཏེ། སྒྱུར་བཅོས་དང་སྒོ་དབྱེ་མཚམས་མི་ཆད་པར་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    《ས་ཁུལ་དབུལ་པོའི་འབྱོར་འབྲིང་མེད་ན་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་མེད》

    (2012ལོའི་ཟླ་12ཚེས་29ཉིན)

    《ས་ཁུལ་དབུལ་པོའི་འབྱོར་འབྲིང་མེད་ན་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་མེད》ཅེས་པ་འདི་ནི་བློ་མཐུན་ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་ཧྥུ་ཕིང་རྫོང་དུ་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ལ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ནང་གི་དུམ་བུ་ཞིག་རེད། རྩོམ་ཡིག་འདིའི་ནང་། དབུལ་ཕོངས་སེལ་བ་དང་། དམངས་འཚོ་ལེགས་གཏོང་། ཐུན་མོང་འབྱོར་ཕྱུག་བཅས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་རེད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་ནི་གྲོང་གསེབ་དང་ལྷག་པར་དུ་ས་ཁུལ་དབུལ་པོར་ཡོད། གྲོང་གསེབ་ཀྱི་འབྱོར་འབྲིང་དང་ལྷག་པར་དུ་ས་ཁུལ་དབུལ་པོའི་འབྱོར་འབྲིང་མེད་ན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་མི་ཐུབ་ཅེས་བསྟན་པ་དང་། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གཡུལ་ས་གཙོ་བོར་བརྩི་བ་དང་། དབུལ་སྐྱོར་བྱ་ཡུལ་གྱི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བརྟན་པོ་དང་དབུལ་སྒྲོལ་ཕྱུག་འགྱུར་གང་མགྱོགས་ཡོང་བ་བྱེད་རྒྱུ་ལས་འགན་ཨང་དང་པོར་བརྩིས་ནས། ས་ཁུལ་དབུལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་བྱས་ཡོད།

    (ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། 2023ལོའི་ཟླ་4ཚེས་5ཉིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།