སྔོ་ལྗང་ལོ་འདབ་རྒྱས། སྐྱེ་ཁམས་སྡོད་པར་འཚམ།
—— ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གཙང་འགྲམ་སྤྱི་གླིང་གི་ཁོར་ཡུག་བཅོས་སྒྲིག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
ཉེ་བའི་ལོ་ཤས་རིང་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པའི་ཁར། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་བཏང་ཞིང་། “གཙང་པོ་གཙང་འགྱུར་དང་། གཙང་འགྲམ་སྔོ་འགྱུར། གཙང་རྒྱུད་མཛེས་འགྱུར”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད། ལྷ་ས་སྐྱིད་ཆུའི་ངོགས་སུ་ཡོད་པའི་དཔལ་འབྱོར་གསར་སྤེལ་ཁུལ་དུམ་བུའི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྒྲིག་རྒྱུན་ཆད་མེད་པར་བྱས་པ་དང་འབྲེལ་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོན་ཡོད། ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གཙང་འགྲམ་སྤྱི་གླིང་ནི་དེའི་བསྡུས་རིས་ལྟ་བུ་རེད།
ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་གཙང་འགྲམ་སྤྱི་གླིང་ནི་ལྷ་ས་སྐྱིད་ཆུའི་དཔལ་འབྱོར་གསར་སྤེལ་ཁུལ་དུམ་བུའི་གྲམ་ཐང་དང་ལྷ་ས་སྐྱིད་ཆུ་དང་། བྱེ་བཞུར་ཆུ་བོ། སྟོད་ལུང་གཙང་པོ་བཅས་སྦྲེལ་མཚམས་ཀྱི་བྱང་ཕྱོགས་སུ་ཡོད་ཅིང་། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.56བཏང་བ་དང་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་56ཡོད། སྤྱི་གླིང་དེ་ཉིད་འཛུལ་སྒོའི་མཛེས་ལྗོངས་ཁུལ་དང་། རླངས་འཁོར་སྒར་ས། སྤྱི་པའི་ཞབས་ཞུའི་སྤྲོ་གསེང་ཁུལ། གཙང་འགྲམ་སྤྲོ་གསེང་ཁུལ། གླིང་ཁུལ། སྐྱེ་ཁམས་མཚོ། སྐྱེ་ཁམས་ཉམས་ཞིབ་རྟེན་གཞི་བཅས་ཆ་ཤས་བདུན་ལས་གྲུབ་ཡོད།
“མིག་སྔར་སྤྱི་གླིང་ནང་སྦྱར་སྡོང་དང་། ལྕང་སྡོང་། ཤུག་སྡོང་སོགས་ཤིང་སྡོང་སྣ་ཁ་700ལྷག་ཙམ་བཏབ་ཡོད་པ་དང་། ལི་ཤི་སོགས་སྡོང་ཐུང་སྨི་ངོས་གྲུ་5000ལྷག་ཙམ་བཏབ་པ། དེ་བཞིན་ལོ་དམར་ལི་དང་རྒྱ་སེ་སོགས་སྡོང་ཐུང་མེ་ཏོག་སྨི་ངོས་གྲུ་13000ལྷག་ཙམ་བཏབ་པ། རྩྭ་རྩི་ཤིང་ལ་ཆུ་འདྲེན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་30ཙམ་ཟིན་གྱི་ཡོད” ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཐོན་ལས་དབུལ་སྐྱོར་མ་འཇོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཁུར་བ་རྡོ་རྗེ་དབང་འདུས་ཀྱིས། ཀུང་སིས་རྩྭ་རྩི་ཤིང་བདག་སྐྱོང་བ་10ཆེད་མངགས་གདན་ཞུ་བྱས་པ་དག་ལ་སྤྱི་གླིང་ནང་གི་རྩྭ་རྩི་ཤིང་ལ་ཆུ་གཏོང་བ་དང་དེ་བཞིན་རྒྱུན་གཏན་གྱི་བདག་སྐྱོང་ལས་ཀའི་འགན་འཁུར་དུ་བཅུག་ཡོད་ཅེས་གསར་འགོད་པར་བཤད།
སྤྱི་གླིང་ནང་ནས་གསར་འགོད་པས་ཐག་མི་རིང་བའི་སར་ཁོར་ཡུག་གཙང་སྦྲ་བས་གད་སྙིགས་གཙང་སེལ་བྱེད་པ་མཐོང་བྱུང་། རྡོ་རྗེ་དབང་འདུས་ཀྱིས་གསར་འགོད་པར“སྤྱི་གླིང་གི་ཁོར་ཡུག་རྒྱུན་དུ་གཙང་མ་ཡོང་ཆེད། མིག་སྔར་སྤྱི་གླིང་དུ་གནད་སྨིན་དབུལ་སྐྱོར་གྱི་ལས་ཞུགས་གནས་སྤོའི་ལས་མི་100ཡོད་པའི་ནང་ནས་20ཡིས་བདེ་སྲུང་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁུར་བ་དང་། དེ་བྱིངས་80ཡིས་སྤྱི་གླིང་གི་རྒྱུན་གཏན་གྱི་ཁོར་ཡུག་གཙང་སྦྲའི་འགན་འཁུར་ནས་ཉིན་ལྟར་སྔ་དགོང་གཉིས་ལ་གཙང་སྦྲ་ཐེངས་རེ་བྱེད་ཀྱི་ཡོད། གཞན་ཡང་ཟླ་བ་གནངས་འཆར་ལ་ང་ཚོས་ཁོར་ཡུག་གཙང་སྦྲའི་བཅོས་སྒྲིག་གྲལ་བཤེར་ཆེན་པོའི་ལས་དོན་ཐེངས་རེ་སྤེལ་གྱི་ཡོད”ཅེས་བཤད།