བོད་ལྗོངས་ཇོ་མོ་གླང་མའི་པར་རྒྱག་འགྲེམས་སྟོན་ཆེ་མོ་སྐབས་བཅུ་དྲུག་པའི་མཐའ་མའི་དཔྱད་འདེམས་མཇུག་འགྲིལ་བ།
ཉེ་ཆར། “རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་གཏོད་པ”བརྗོད་དོན་གཙོ་བོར་བྱས་པའི་བོད་ལྗོངས་ཇོ་མོ་གླང་མའི་པར་རྒྱག་འགྲེམས་སྟོན་ཆེ་མོ་སྐབས་བཅུ་དྲུག་པའི་མཐའ་མའི་དཔྱད་འདེམས་བྱེད་སྒོ་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སུ་སྤེལ་བ་རེད། བོད་ལྗོངས་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་རིགས་གཅིག་མཁས་ཅན་7གྱིས་ཐོག་མའི་དཔྱད་འདེམས་བྱས་པའི་བརྩམས་ཆོས་སྟོང་ཕྲག་གི་ཁྲོད་ནས་མཐར་རིགས་དང་པོ་དང་། རིགས་གཉིས་པ། རིགས་གསུམ་པ། རིགས་བཞི་པ་བཅས་ཀྱི་ཉར་ཚགས་བརྩམས་ཆོས་16དང་ཕུལ་བྱུང་བརྙན་ཐུང་6དཔྱད་འདེམས་བྱས་པ་རེད། པར་རྒྱག་འགྲེམས་སྟོན་ཆེ་མོ་འདི་ལོའི་ཟླ་9པར་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དཔལ་འབྱོར་གླིང་ཤང་འདམ་བཅད་གྲོང་ཚོའི་ངོ་མཚར་ནགས་ཤིང་དུ་གཉེར་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་5ཚེས་10ཉིན་ནས་བཟུང་། གཙོ་གཉེར་སྡེ་ཚན་གྱིས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས། ལྗང་མདོག་འཕེལ་རྒྱས། རང་བྱུང་སྲུང་སྐྱོང་། སྐྱེ་ཁམས་དམངས་ཕྱུག་སོགས་ཀྱི་ནང་དོན་ལ་དམིགས་ནས་བརྩམས་ཆོས་བསྡུ་རུབ་ཀྱི་ལས་དོན་སྤེལ་བ་དང་སྔ་རྗེས་སུ་ལྗོངས་ཕྱི་ནང་གི་པར་རྒྱག་མཁས་ཅན་དང་པར་རྒྱག་ལ་དགའ་པོ་བྱེད་མཁན་500ལྷག་ཙམ་གྱི་པར་ཁྲི་ཙམ་དང་པར་མཁན་20ཡི་བརྙན་ཐུང་30ལྷག་ཙམ་བསྡུ་རུབ་བྱས་པ་དང་། བོད་ལྗོངས་ཇོ་མོ་གླང་མའི་པར་རྒྱག་འགྲེམས་སྟོན་ཆེ་མོ་སྐབས་བཅུ་དྲུག་པ་ནི་ཉེ་བའི་ལོ་ཤས་རིང་བརྩམས་ཆོས་བསྡུ་མང་ཤོས་དང་སྤུས་ཚད་ལེགས་ཤོས་ཀྱི་པར་རྒྱག་འགྲེམས་སྟོན་ཞིག་ཡིན་པ་རེད།