དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་སླད་མོན་པ་མི་རིགས་ཤང་།

    “ས་ཆ་ཡག་པོ”རུ“བདེ་སྐྱིད་མེ་ཏོག”བཞད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-12

    བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་ནི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་ངོས་སུ་གནས་པ་དང་ཉང་བཤང་ཆུ་ནི་དཀར་གཙང་ཁ་བཏགས་ཤིག་དང་འདྲ་བར་ཤང་དེའི་འགྲམ་ནས་ཤང་ཤང་དུ་རྒྱུག་པ་དང་། ངོགས་གཉིས་ནས་འདབ་ཆགས་ཀྱི་གསུང་སྙན་སྒྲོག་ཅིང་མེ་ཏོག་སྣ་ཚོགས་ཀྱི་དྲི་ཞིམ་གང་སར་འཐུལ།

    གྲལ་སྟར་འགྲིག་པའི་ཁང་པའི་མདུན་དུ་མོན་པ་རིགས་ཀྱི་སྤུན་ཟླ་ཚོས་ལྷོ་ཁའི་མོན་པའི་ལྷ་མོ་འཁྲབ་པས་དགའ་སྤྲོའི་རྣམ་པས་ཡོངས་སུ་ཁེངས། མོན་པའི་རིག་གནས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཞིང་། ལྷོ་ཁའི་མོན་པའི་ལྷ་མོར་ད་བར་ལོ་ངོ་200ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། ལྷ་མོའི་ནང་དོན་ཕུན་སུམ་ཚོགས་ལ་གསོན་ཉམས་དོད་པས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད།

    དུས་རབས་20པའི་ལོ་རབས་90པར་ལྷ་མོ་བ་དཀོན་པ་དང་འགྲོ་གྲོན་མི་འདང་བ་སོགས་ཀྱི་གནད་དོན་ཐོན་ནས་སྐབས་ཤིག་རིང་ལྷོ་ཁའི་མོན་པའི་ལྷ་མོར་རྒྱུན་ཆད་ལ་ཉེ་བའི་འཇིགས་པ་འཕྲད། འོན་ཀྱང་། 2006ལོའི་གཡས་གཡོན་དུ་སྲིད་གཞུང་གིས་ལྷོ་ཁའི་མོན་པའི་ལྷ་མོར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་ལྷོ་ཁའི་མོན་པའི་ལྷ་མོའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟམ་མི་ཆད་པར་སྔོག་འདོན་བྱས་ཏེ་གྲོང་མི་ཚོར་སློབ་སྦྱོང་དང་རྒྱུན་འཛིན་བྱ་རྒྱུའི་སྐུལ་སློང་ཧུར་ཐག་བྱས་པ་རེད། དེ་དང་ཆབས་ཅིག་ལྷོ་ཁའི་མོན་པའི་ལྷ་མོའི་རྒྱུན་འཛིན་པས་ཀྱང་ཕྱི་ཕྱོགས་ནས་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ནས་ལྷ་མོ་སྦྱོང་སྐབས་ཞིང་ལས་ལ་འཐུས་ཤོར་བྱུང་བའི་གྲོང་མིར་ལས་ཐེབས་ཆག་པའི་དངུལ་ཕྲན་བུ་སྤྲད་པས། དེ་རྗེས་རང་འགུལ་ངང་ལྷོ་ཁའི་མོན་པའི་ལྷ་མོ་སྦྱོང་མཁན་གྲོང་མི་ཇེ་མང་དུ་ཕྱིན་ཡོད།

    ད་ཆ་ཤང་དུ་མི་10ལྷག་ཙམ་ཟིན་པའི་ལྷ་མོའི་རུ་ཁག་ཅིག་བཙུགས་ནས་རྟག་ཏུ་ལྷ་མོ་འཁྲབ་སྟེ་ས་གནས་དེ་གའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་གི་ཡོད། དེ་དང་ཆབས་ཅིག་ལྷ་མོ་འཁྲབ་པས་ཡུལ་སྐོར་བ་མང་པོ་ཞིག་གི་ཡིད་དབང་བཀུག་ཅིང་། མོན་པའི་རིག་གནས་འགྲེམས་སྟོན་དེ་ད་ཆ་མི་དེ་བས་མང་བ་ཞིག་གི་མིག་ལམ་དུ་མངོན་པ་མ་ཟད། ད་དུང་གྲོང་མིར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐེབས་པ་དང་། རྩ་ཆེའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་ཡང་ཐུབ་ཡོད།

    “སླད་མོན་པ་མི་རིགས་ཤང་ལ་ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་ལེགས་ཆ་དང་ས་ཁམས་ཀྱི་ལེགས་ཆ་ལྡན་ཡོད་པས། ཇ་ལོ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་གཏོང་བར་འཚམ་པོ་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སླད་མོན་པ་མི་རིགས་ཤང་གི་ཤང་ཀྲང་ལྷག་པ་སྒྲོལ་མས་བཤད་པ་དང་ཁོང་གིས་སླད་མོན་པ་མི་རིགས་ཤང་གི་ཇའི་སྤུས་ཀ་དག་ལ་བྲོ་བའང་ཞིམ་པོ་ཡོད་ཅེས་བཤད།

    དུས་རབས་20པའི་ལོ་རབས་70པར་སླད་མོན་པ་མི་རིགས་ཤང་གིས་ཇ་ཚོད་འདེབས་བྱེད་འགོ་ཚུགས། འོན་ཀྱང་འདེབས་མཁན་ཁ་ཐོར་དུ་གནས་པ་དང་དོ་དམ་ཡག་པོ་མེད་པ་དེ་སླད་མོན་པ་མི་རིགས་ཤང་གིས་ཇའི་ཐོན་ལས་འཕེལ་རྒྱས་ཀྱི་བཀག་རྡོ་ལྟ་བུར་གྱུར་ཡོད། ཤང་གི་ལས་བྱེད་པ་རྣམས་ཀྱིས་མང་ཚོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ན་གཞི་ནས་འགག་སྒྲོལ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་ཚོས་ཁྱིམ་དུད་རེ་རེ་བཞིན་དུ་བསམ་བློའི་སློབ་གསོ་བཏང་ནས་ཚང་མའི་ཡིད་ཆེས་ཆེ་རུ་གཏོང་བར་ལྕག་སྐུལ་བྱས་པ་དང་ཆབས་ཅིག མང་ཚོགས་ཀྱི་སྣེ་ཁྲིད་དེ་འདེབས་འཛུགས་ལག་རྩལ་ལེགས་སུ་བཏང་བ་དང་སྔོན་ཐོན་སྒྲིག་ཆས་ཉོ་སྒྲུབ་བྱས་པས་སླད་མོན་པ་མི་རིགས་ཤང་གི་ཇ་འདེབས་འཛུགས་ཐོན་ལས་རྒྱུན་གཏན་གྱི་བགྲོད་ལམ་ཐོག་སྐྱོད་ཐུབ་ཡོད།

    ད་ཆ་ཇ་དེ་སླད་མོན་པ་མི་རིགས་ཤང་གི་མང་ཚོགས་ཀྱི་འབབ་ཁུངས་ཤིག་ཏུ་གྱུར་ཡོད། སླད་མོན་པ་མི་རིགས་ཤང་གིས་2011ལོར་ཇ་ལོའི་མཐུན་ཚོགས་བཙུགས་པ་དང་། 2013ལོར་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། 2022ལོར་མཉམ་ལས་ཁང་གིས་ཇ་སྐམ་ཐོན་ཚད་རྒྱ་མ་ཁྲི་1.8ལྷག་ཙམ་ཟིན་པ་དང་ཡོང་འབབ་བསྡོམས་སྒོར་ཁྲི་500ལྷག་ཙམ་ཟིན་ནས་ལས་ཞུགས་ལས་གནས་བརྒྱ་ཙམ་མཁོ་འདོན་བྱས་ཡོད།

    སླད་མོན་པ་མི་རིགས་ཤང་ཇ་ལོའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་སྐལ་བཟང་བསྟན་འཛིན་གྱིས། ལམ་དེར་བསྐྱོད་པར་དངོས་འབྲེལ་འགྲིག་འདུག གོམ་སྟབས་རྗེས་མར་མཉམ་ལས་ཁང་གི་གཞི་ཁྱོན་ཆེ་རུ་དང་ཇའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་ཆབས་ཅིག་ཕྱི་ཕྱོགས་སུ་འོས་སྦྱོར་བྱེད་པར་ཤུགས་སྣོན་རྒྱག་གི་ཡིན་ཞེས་བརྗོད།

    ད་ཆ་སླད་མོན་པ་མི་རིགས་ཤང་དུ་དུད་ཚང་མི་ཉུང་བ་ཞིག་གིས་དམངས་སྲོལ་གནས་ཚང་བཙུགས་ཡོད། ཀོ་ཤ་དང་སྡོང་ཕུང་སོགས་ནགས་ཁྲོད་འདེབས་འཛུགས་ཐོན་རྫས་ལས་མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་སྔར་བས་ཡངས་སུ་ཕྱིན་པ་དང་རྦབ་ཆུ་དང་མཁར་རྫོང་སོགས་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་ལ་ཡོངས་མཁན་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད། “ང་ཚོས་རྨང་གཞིའི་སྒྲིག་བཀོད་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སླད་མོན་པ་མི་རིགས་ཤང་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་འགྱུར་བར་བྱེད་ཀྱི་ཡིན”ཞེས་ཤང་ཀྲང་ལྷག་པ་སྒྲོལ་མས་བརྗོད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།