བོད་ལྗོངས་ལྷ་རི་རྫོང་དུ་རྒྱང་བསྒྲགས་ལ་བརྟེན་ནས་དམངས་ཕན་སྲིད་ཇུས་བརྒྱུད་བསྒྲགས་བྱེད་པ།
བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་འཕྲལ་སྡོམ་རྒྱང་བསྒྲགས་མ་ལག་དྲིལ་བསྒྲགས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ཚོད་ལྟའི་གྲོང་ཁྱེར་འཛུགས་གཏོད་ལས་དོན་སྤེལ་ཚུན། ལྷ་རི་རྫོང་འཕྲལ་སྡོམ་རྒྱང་བསྒྲགས་ཀྱིས་སྲིད་གཞུང་དང་མང་ཚོགས་དབར་འབྲེལ་གཏུག་བྱེད་པའི“སྒྲོག་ཐག་གསར་པ”ཧུར་ཐག་བསྐྲུན་ཏེ་ཏང་དང་སྲིད་གཞུང་གི་གསུང་སྒྲ་ཁྱིམ་ཚང་ཁྲི་སྟོང་མང་པོར་དུས་ཐོག་ཏུ་བརྒྱུད་བསྒྲགས་བྱས་ནས་མང་ཚོགས་ལ་དྲིལ་བསྒྲགས་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད།
གངས་རིས་བསྐོར་བའི་ལྷ་རི་རྫོང་ཨར་རྩ་གྲོང་རྡལ་སྟག་རྩེ་གྲོང་ཚོ་ནི་ལྷ་རི་རྫོང་གི་འཕྲལ་སྡོམ་རྒྱང་བསྒྲགས་ས་ཚིགས་133ཁྲོད་ཀྱི་གྲས་ཤིག་རེད། ཞོགས་པའི་ཆུ་ཚོད་9པར་ཡུལ་མི་རྣམས་ཞོགས་ཟས་ཟ་སྐབས་གྲོང་ཚོའི་རྒྱང་བསྒྲགས་དུས་ཐོག་ཏུ་གྲགས་ཀྱི་ཡོད།
ཡུལ་མི་དཔལ་འཛོམས་ཀྱི་ཁྱིམ་དུ་སྐྱོད་སྐབས། ཁོང་གིས་ལས་ཀ་བྱེད་ཞོར་དུ་རྒྱང་བསྒྲགས་ཉན་བཞིན་ཁྱིམ་གྱི་སྒོ་ནས་དོན་མི་དགོས་པར་དམངས་ཕན་སྲིད་ཇུས་དང་གསར་འགྱུར་ཤེས་རྟོགས་ཐུབ་ཀྱི་ཡོད། གྲོང་ཚོའི་རྒྱང་བསྒྲགས་ཀྱིས་སྟག་རྩེ་གྲོང་ཚོའི་ཡུལ་མི་ཚོའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད།
“ང་ཚོའི་གྲོང་ཚོའི་རྒྱང་བསྒྲགས་ཉིན་རེར་ཐེངས་4གཏོང་གི་ཡོད། གྲོང་ཚོའི་ཕྱི་ནང་གི་གནས་ཚུལ་ཚང་མ་རྒྱང་བསྒྲགས་ནས་ཤེས་རྟོགས་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་དཔལ་འཛོམས་ཀྱིས་རྒྱང་བསྒྲགས་ཀྱི་སྐོར་གླེང་སྐབས་ངོ་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར།
ད་ཆ་གྲོང་ཚོའི་རྒྱང་བསྒྲགས་ཀྱི་སྐོར་གླེང་སྐབས་ཡུལ་མི་ཚང་མས་བསྔགས་བརྗོད་མི་བྱེད་མཁན་གཅིག་ཀྱང་མེད། རྒྱང་བསྒྲགས་ཀྱིས་ཁོང་ཚོའི་རྒྱུན་གཏན་གྱི་འཚོ་བ་ཇི་ལྟར་ཕུན་སུམ་ཚོགས་མིན་སྐོར་ལ་ཚང་མས་གྲངས་ཀྱིས་མི་ལང་བ་ཤོད་རྒྱུ་ཡོད།
ཨར་རྩ་གྲོང་རྡལ་སྟག་རྩེ་གྲོང་ཚོའི་འཕྲལ་སྡོམ་རྒྱང་བསྒྲགས་ས་ཚིགས་ཀྱི་རྒྱང་བསྒྲགས་གཏོང་མཁན་པ་སངས་ཀྱིས་རྒྱང་བསྒྲགས་བརྒྱུད་གྲོང་མིར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་ཀྱི་ཡོད། པ་སངས་ནི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་ལ་རྒྱང་བསྒྲགས་གཏོང་མཁན་ཡང་རེད། ལོ་གཅིག་དུས་བཞིར་ཉིན་ལྟར་དུས་ཚོད་ཏག་ཏག་ལ་གྲོང་མི་ཚོར་ནང་དོན་ཕུན་སུམ་ཚོགས་པའི་རྒྱང་བསྒྲགས་གཏོང་གི་ཡོད་པས་འཕྲལ་སྡོམ་རྒྱང་བསྒྲགས་དེ་རིམ་བཞིན་སྟག་རྩེ་གྲོང་ཚོའི་ཡུལ་མིས་ཕྱི་ཕྱོགས་ཀྱི་ཆ་འཕྲིན་ཤེས་རྟོགས་བྱེད་པའི་ཐབས་ལམ་གལ་ཆེན་དུ་གྱུར་ཡོད།
“ང་ཚོའི་གྲོང་ཚོའི་རྒྱང་བསྒྲགས་མ་ལག་ནི་2021ལོའི་ཟླ་11པར་བསྐྲུན་ཞིང་། དུས་རྒྱུན་ང་ཚོས་ལས་བྱེད་མང་ཚོགས་སྒྲིག་འཛུགས་བྱས་ཏེ་རྒྱང་བསྒྲགས་ཉན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་མི་རིགས་མཐུན་སྒྲིལ་སོགས་ཏང་གི་རིགས་པའི་གཞུང་ལུགས་དང་། སྲིད་ཇུས། དེ་བཞིན་ཤེས་བྱ་གཞན་དག་སློབ་སྦྱོང་བྱེད་ཀྱི་ཡོད། གྲོང་ཚོའི་ནང་ཐོལ་བྱུང་གི་གནས་ཚུལ་འགའ་ཤས་དཔེར་ན། ལམ་རྡིབ་པ་དང་འདམ་རྡོའི་ཆུ་རུད་སོགས་ཐོན་སྐབས་ང་ཚོས་འཕྲལ་དུ་རྒྱང་བསྒྲགས་ནས་བརྡ་ཐོ་གཏོང་གི་ཡོད། དེ་ལྟར་བྱས་ན་སྟབས་བདེ་ལ་གོ་ཆོད་པོ་འདུག”ཅེས་པ་སངས་ཀྱིས་བཤད།
ལྷ་རི་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་རྒྱང་བསྒྲགས་པ་བསོད་ནམས་ཚེ་རིང་གིས། “འཕྲལ་སྡོམ་རྒྱང་བསྒྲགས་གཏོང་མཁན་ནི་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་རྒྱང་བསྒྲགས་པ་ཤ་སྟག་ཡིན་པ་དང་། རྒྱང་བསྒྲགས་བཤད་མཁན་ཚོས་སོ་སོའི་ལེ་ཚན་གྱི་ནང་དོན་གྲ་སྒྲིག་བྱེད་དགོས་པ་དང་དེ་དག་ནང་སྲིད་ཇུས་གསལ་འགྲེལ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ལེགས་བཤད། བདེ་འཇགས་ཐོན་སྐྱེད། གནམ་གཤིས་སྔོན་བརྡ། མི་ཆོས་རིག་གནས་དང་ལོ་རྒྱུས། ལྷ་རིའི་གསར་འགྱུར་སོགས་ཀྱི་ནང་དོན་ཚུད་ཡོད། ནང་དོན་ལ‘ཞིབ་གསུམ་དཔྱད་གསུམ’བྱས་པ་བརྒྱུད་ལས་སྟེགས་སུ་ཁྱབ་བསྒྲགས་བྱས་ཏེ་མང་ཚོགས་ལ་རྣམ་པ་སྣ་ཚོགས་དང་ཕུན་སུམ་ཚོགས་པའི་རྒྱང་བསྒྲགས་ཀྱི་ནང་དོན་མཁོ་འདོན་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས།
ལྷ་རི་རྫོང་འཕྲལ་སྡོམ་རྒྱང་བསྒྲགས་ལས་སྟེགས་ཀྱི་རྒྱང་བསྒྲགས་ཆེན་པོ་ལྷ་རི་རྫོང་ཡོངས་ལ་ཁྱབ་ནས། འཕྲལ་སྡོམ་རྒྱང་བསྒྲགས་གྲོང་ཚོ་ཚང་མར་གཏོང་བ་དང་ཆ་འཕྲིན་བརྒྱུད་བསྒྲགས་དུད་ཚང་ཚང་མར་ཁྱབ་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།