ཡངས་ཤིང་རྒྱ་ཆེའི་ཐང་གཤོངས་ན། སྐྱེ་ཁམས་ཤེས་དཔལ་གཡུ་ལོ་རྒྱས།
— རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་ལས་ལྷོ་ཁར་བརྟག་ཞིབ་བྱས་པའི་སྐོར་བཀོད་པ།
འདི་ནི་མཛེས་སྡུག་ལྡན་པའི་ཀུན་བདེ་གླིང་འབྲོག་ར་ཡིན་པ།
དམིགས་ཚད་ནི་ལས་དོན་གྱི“བཀོད་འདོམས་དབྱུག་པ”ལྟ་བུ་ཡིན་ཞིང་། དམིགས་ཚད་བཟོ་བ་ནི་ལས་དོན་ལ་དམ་འཛིན་བྱ་གཞི་ཡོད་པ་དང་། དམིགས་ཚད་ལ་བཟོ་བཅོས་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་བ་ནི་ལས་དོན་དེ་བས་ལེགས་པའི་སྒོ་ནས་མཚོན་ཆེད་ཡིན།
ལོ་གཅིག་ལྷག་ཙམ་རིང་གི་ལག་ལེན་བརྒྱུད། རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་གཞུང་ལས་ཁང་གིས“བོད་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་དམིགས་ཚད་དེ་སྔོན་གཏན་འཁེལ་བྱས་པའི་རིགས་ཆེན་པོ་6དང་རྣམ་གྲངས་32ནས་རིགས་ཆེན་པོ་6དང་རྣམ་གྲངས་38ལ་ལེགས་སྒྲིག་བྱས་པ་དེ་བོད་ཀྱི་ལས་དོན་གྱི་དོན་དངོས་དང་དེ་བས་འཚམ་པོ་ཡོད”པ་མགྲིན་གཅིག་ཏུ་ངོས་འཛིན་བྱས་པ་རེད།
ཡར་ཀླུང་གཙང་པོའི་ལམ་རྒྱུད་དེད་དེ་ལམ་བར་དུ་གང་སར་ལྟ་བ་དང་སྐད་ཆ་དྲིས་ནས་དམིགས་ཚད་ལེགས་སྒྲིག་བྱས་པ་དེ་སྐྱེ་ཁམས་ལས་དོན་གྱི་དོན་དངོས་དང་འཚམ་མིན་ལ་བརྟག་ཞིབ་བྱེད་རིང་། བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་རྒྱུའི་ཆོད་སེམས་ཚོར་བྱུང་ལ་ས་ཁུལ་དང་། གྲོང་ཁྱེར། རྫོང་། ཆུས། ཤང་དང་གྲོང་རྡལ་བཅས་ཀྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱེད་པའི་ངར་སེམས་ཀྱང་ཚོར་བྱུང་།
བསམ་ཡས་གྲོང་རྡལ།
མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པས་ཐང་རྒོད་སྔོ་ལྗང་དུ་གྱུར།
“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་ཀྱི་རྟེན་གཞི་བསྐྲུན་རྒྱུ་ནི་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་དམིགས་ཚད་གལ་ཆེན་ཞིག་རེད།
ལོ་40ལྷག་ཙམ་གོང་། བསམ་ཡས་གྲོང་རྡལ་ནི་རྒྱང་རིང་ནས་བལྟས་ཚེ་བྱེ་ཐང་ཉག་གཅིག་ཡིན་པ་དང་བྱེ་རླུང་ལྡང་སྐབས་ཐ་ན་སྡོད་ཁང་ཡང་མཐོང་རྒྱུ་མེད་པར་གྱུར་གྱི་ཡོད། ཡིན་ནའང་ད་ཆ་སྦྱར་པ་སོགས་རྩི་ཤིང་སྣ་ཚོགས་སྐྱེ་འགོ་ཚུགས་པ་དང་དེ་སྔ་བཏབ་པའི་སྡོང་ཐུང་དག་ལས་ལྗང་གསར་འབུས་ནས་མྱ་ངམ་ཐང་དེ་གཡུ་ཡི་གཞོང་པར་གྱུར་ཡོད།
ལྷོ་ཁ་གྲོང་ཁྱེར་གྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ(བསམ་ཡས་ལྟེ་བའི་ཁུལ)ནི་རང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་དཔེ་སྟོན་ཁུལ་འབའ་ཞིག་དེ་ཡིན་པ་དང་རྒྱ་ཁྱོན་ལ་མུའུ་ཁྲི་5ཙམ་ཡོད། མིག་སྔར་ལྟེ་བའི་ཁུལ་བསམ་ཡས་གྲོང་རྡལ་ཁོ་ནར་བྱེ་བཅོས་མུའུ་ཁྲི་1.5ལྷག་ཙམ་བྱས་ཡོད།
དུས་རབས་གོང་མའི་ལོ་རབས་80པར་བྱེ་རླུང་ཚད་མེད་ལྡང་བའི་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་དུ་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་སྐྲུན་འགོ་ཚུགས་ནས་རང་རྒྱལ་གྱི་ནགས་ལས་ཆུ་བེད་ལས་གྲྭའི་ལོ་རྒྱུས་ཐོག་གི“གསུམ་མདོའི་རགས”གསར་གཏོད་བྱས་པ་དང་། “སྡོང་ཕྲུག་ཆེན་པོ་གཏིང་རིང་པོར་འཛུགས་པ”སོགས་ཀྱི་བྱེད་ཐབས་ཚོད་ལྟ་བྱས་པས་བྱེ་རླུང་འཚུབ་རྒྱུ་ཚོད་འཛིན་ཐུབ་པ་མ་ཟད། ཞེང་ཚད་ལ་སྤྱི་ལེ་1.8ཙམ་དང་རིང་ཚད་ལ་སྤྱི་ལེ་160ཙམ་ཡོད་པའི་རྒྱ་ཁྱོན་མུའུ་ཁྲི་50ཙམ་ཟིན་པའི“ལྗང་མདོག་བར་ཁྱམས”ཡར་ཀླུང་གཙང་པོའི་ངོགས་སུ་ཐོན་ཡོད།
གསར་འགོད་པས་ས་ཡུལ་དངོས་ནས་མཐོང་བར། སྤྱིར་བཏང་གི་ཤིང་འཛུགས་ལས་རིམ་དང་མི་འདྲ་བར། ཡར་ཀླུང་གཙང་པོའི་བྱེ་སྒང་དུ་ལྗོན་ཤིང་མ་བཙུགས་གོང་སྔོན་ལ་སྐྱེ་དངོས་ལུད་རྒྱག་པ་དང་སོག་མ་བླུགས་པ་སོགས་བྱེད་དགོས་ཀྱི་ཡོད། ཉིན་གུང་མཚམས་སུ་ཆུ་གཏོར་དང་ཆུ་གཏོང་སྒྲིག་ཆས་ཀྱིས་ད་དུང་ཡང་ལས་ཀ་བྱེད་བཞིན་ཡོད་ཅིང་། “ཆུ་གཏོར་ན་ཚ་བ་འཇགས་ནས་རླངས་པ་ཐོན་ཉུང་དུ་འགྲོ་གི་རེད”ཅེས་ཕ་ཡུལ་གོང་དཀར་ནས་ཡིན་པའི་བསོད་ནམས་ཀྱིས་ཤོད་ཀྱིན་མགྱོགས་མྱུར་སྐྱི་བ་གསབ་འདེབས་བྱས་པ་དང་། ཉེ་འགྲམ་དུ་བཏབ་པའི་འོམ་བུ་དང་སྤེན་མ་ལས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་རེད།
སྐྱི་བ་དང་། འོམ་བུ། སྤེན་མ་སོགས་རྩྭ་རྩི་ཤིང་འདེབས་པ་ནི་ཐང་རྒོད་སྔོ་ལྗང་ཅན་དུ་གྱུར་པའི་ཐབས་མཆོག་རེད། མིག་སྔར་ཡར་ཀླུང་གཙང་པོའི་ལུང་གཞུང་དུ་བྱེ་སྐྱེས་རྩི་ཤིང་སྡོང་རྐང་ཁྲི་4500ཙམ་བཏབ་ཡོད།
ཡར་ཀླུང་གཙང་པོ་བརྒྱུད་ནས་སྐྱོད་སྐབས། གསར་འགོད་པར“ཡར་ཀླུང་གཙང་པོའི་རྒྱུད་དུ་ནགས་བཟོ་བྱས་པ་ལས་བྱེ་རླུང་ཉུང་དུ་ཕྱིན་པ་མ་ཟད། ད་དུང་མང་ཚོགས་ལ‘གསེར་རི་དངུལ་རི’ཡང་སྦྱིན་པའི”ཚོར་སྣང་བྱུང་། རགས་རྩིས་བརྒྱབ་པར་གཞིགས་ན། ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་འཛུགས་སྐྲུན་ལ་ལོ་ལྟར་ངལ་རྩོལ་ནུས་ཤུགས་ཁྲི་2ལྷག་ཙམ་ཞུགས་ཀྱི་ཡོད་པ་རེད། ཡར་ཀླུང་གཙང་པོའི་རྒྱུད་དུ་ནགས་བཟོ་བྱས་པ་དེས་ལྷོ་ཁ་གྲོང་ཁྱེར་གྱིས་སྡོང་ཕྲུག་འདེབས་པ་སོགས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ནས་གྲོང་ཁྱེར་ཡོངས་སུ་སྡོང་ཕྲུག་ར་བ་74ཡོད་པ་དང་། ལོ་ལྟར་དེ་གར་ཞིང་འབྲོག་པ་1400ལྷག་ཙམ་ལས་ཞུགས་ཐུབ་ནས་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་1600ལྷག་ཙམ་བྱུང་ཡོད།
ད་ཆ་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་། འཚོ་སྡོད་ཀྱི་ཁོར་ཡུག གནམ་གཤིས་ཆ་རྐྱེན་བཅས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་གཞི་ཁྱོན་ཆེ་བའི་བྱེ་ཐང་སྔོ་ལྗང་དུ་གྱུར་པ་དང་དེ་སྔ་བྱེ་རླུང་གི་སྐྱོན་ཆ་ཚབས་ཆེ་བའི་ཁུལ་གྱི་འབྲུ་རིགས་ཐོན་འབབ་ད་ཆ་ལྡབ་གཅིག་ཙམ་འཕར་ཡོད། ལྷ་ས་གོང་དཀར་གནམ་ཐང་དུ་ལོ་ལྟར་གནོད་འཚེའི་རང་བཞིན་གྱི་བྱེ་རླུང་གི་ཤུགས་རྐྱེན་ཐེབས་ཚད་ཉིན་གྲངས་10ནང་ཚུན་དུ་ཆག་ཡོད།
བྱེ་ཐང་གསེར་རིར་འགྱུར་བ་བྱེད་པ་ནི་ས་མཐོའི་མི་རྣམས་ཀྱིས་བརྩམས་དང་བརྩམ་མུས་ཀྱི་སྔོ་འགྱུར་གྱི་ངོ་མཚར་ཆེ་བའི་གཏམ་རྒྱུད་ཅིག་རེད། འདི་ལོ་རང་ལྗོངས་ཀྱིས་ནགས་བཟོ་མུའུ་ཁྲི་120ཡན་དང་ཞན་འགྱུར་རྩྭ་ཐང་མུའུ་ཁྲི་500ཡན་ཉམས་གསོ་དང་བཅོས་སྒྲིག་བྱེད་རྩིས་ཡོད་པ་རེད།
ཀུན་བདེ་གླིང་འབྲོག་ར།
རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱས་པས་དཀའ་གནད་ཕན་པར་གྱུར་པ།
རི་སྐྱེས་སྲོག་ཆགས་དང་རྩྭ་རྩི་ཤིང་ལ་སྲུང་སྐྱོང་བྱས་ནས་སྐྱེ་ཁམས་ཀྱི་དམར་ཐིག་བསྲུངས་གལ་ཤིན་ཏུ་ཆེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཀྱི་དམིགས་ཚད་མ་ལག་ནང་རང་ལྗོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དམར་ཐིག་གི་རྒྱ་ཁྱོན་གྱིས་བཟུང་བའི་བསྡུར་གྲངས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་50%ལས་བརྒལ་ཡོད་ལུགས་བཏོན་ཡོད།
ཟངས་རི་རྫོང་འབོད་ཐོས་ཤང་རྫིང་ཆུའི་གྲོག་རོང་བརྒྱུད་བྱང་ངོས་སུ་བསྐྱོད་མཐར་གསར་འགོད་པ་དང་བརྟག་ཞིབ་ཚོགས་ཆུང་བོད་ཀྱི་སྐད་གྲགས་ཡོད་པའི་འབྲོག་ར་སྟེ། ས་བབ་མཐོ་ཚད་སྨི་4300ལྷག་ཙམ་ཟིན་པའི་ཀུན་བདེ་གླིང་འབྲོག་རར་འབྱོར།
ལམ་འགྲམ་གྱི་གསིང་མའི་ཁྲོད་ཤྭ་བ་ལྔ་དྲུག་ཙམ་དང་གཡག་ཁྱུ་གཅིག་རྩྭ་ཆུར་རོལ་བཞིན་ཡོད་པ་དང་གསར་འགོད་པས་རླངས་འཁོར་ཁ་བཀག་ནས་པར་རྒྱག་པ་མཐོང་མ་ཐག་དལ་གྱིས་གང་སར་ཁ་ཐོར། “ཤྭ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རེད། རྩྭ་ཐང་སྲུང་སྐྱོང་ཁུལ་དུ་བསྒྱུར་ཚུན། མིའི་རིགས་ཀྱིས་གནོད་འཚེ་གཏོང་ཉུང་དུ་ཕྱིན་པ་དང་སྔོ་ཁེབས་སླར་གསོ་ཐུབ་སྟེ་ཀུན་བདེ་གླིང་འབྲོག་རའི་ཤྭ་བའི་ཁྱུ་ཚོགས་ཀྱི་གྲངས་འབོར་མགྱོགས་མྱུར་འཕར་ནས་མགོ་གྲངས་400ལྷག་ཙམ་ཟིན་ཡོད། འདི་གར་ནི་བོད་ཀྱི་ཤྭ་བ་གཅིག་སྡུད་ཁུལ་དང་ཁྱུ་ཚོགས་མང་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་རེད” ཅེས་ཟངས་རི་རྫོང་རྫིང་ཕྱི་ཤང་གི་ཤང་ཀྲང་གཞོན་པ་ཤང་ཤུའེ་ལིན་གྱིས་བཤད།
“སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཆེད། ང་ཚོས་ལོ་ལྟར་དགུན་དུས་དང་དབྱར་དུས་སུ་ཕྱུགས་འཚོ་རེས་བྱས་ནས་ཕྱུགས་རིགས་གསོ་ཚགས་བྱེད་པའི་གྲངས་འབོར་རྩྭ་ཐང་གི་ཐེག་ནུས་ལ་གཞིགས་ནས་ཚོད་འཛིན་ནན་པོ་བྱས་ཏེ་རྩྭ་ཁ་གསོ་ཐུབ་པར་སྐུལ་འདེད་གཏོང་གི་ཡོད”ཅེས་ཟངས་རི་རྫོང་ནགས་རྩྭ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་ནམས་རྒྱལ་མཚན་གྱིས་ངོ་སྤྲོད་བྱས།
ཀུན་བདེ་གླིང་འབྲོག་རའི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་50ལྷག་ཙམ་ཟིན་པ་དང་། སྤྲིན་མཚོ་གྲོང་ཚོ་དང་། གངས་ཕུ་གྲོང་ཚོ། མིག་ལྡོང་གྲོང་ཚོ་བཅས་ཀྱི་ཡུལ་མིས་ཀུན་བདེ་གླིང་འབྲོག་རར་བརྟེན་ནས་འབྲོག་ལས་འཕེལ་རྒྱས་གཏོང་བཞིན་ཡོད། “གྲོང་ཚོ་དེ་གསུམ་དུ་གསོ་ཚགས་བྱས་པའི་ཕྱུགས་རིགས་མགོ་གྲངས་5600ལྷག་ཙམ་ཡོད་པ་དེ་དག་རྩྭ་ཐང་གི་ཐེག་ནུས་དང་འཚམ་ཡོད”ཅེས་ཤང་ཤུའེ་ལིན་གྱིས་བཤད།
གངས་ཕུ་གྲོང་ཚོའི་ཉེ་འགྲམ་དུ་གསར་འགོད་པར་གད་སྙིགས་སྒྲུག་བཞིན་པའི་རྩྭ་ཐང་གི་ལྟ་སྐུལ་དོ་དམ་པ་སྤེན་པ་དབང་ཕྱུག་འཕྲད་བྱུང་། “ངའི་འགན་འཁྲི་ནི་རྩྭ་ཐང་སྲུང་སྐྱོང་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པ་དེ་རེད”ཅེས་སྤེན་པ་དབང་ཕྱུག་གིས་བཤད། ཁོང་ལ་རྩྭ་ཐང་གི་ལྟ་སྐུལ་དོ་དམ་པ་ཁོ་ན་ནས་ལོ་གཅིག་ལ་ཡོང་འབབ་སྒོར་3000ལྷག་ཙམ་ཡོང་གི་ཡོད་པ་རེད།
ཇེ་སྔོར་སོང་བའི་རང་བྱུང་ཁོར་ཡུག་དང་ཇེ་མང་དུ་སོང་བའི་རི་སྐྱེས་སྲོག་ཆགས་ལས་ཀུན་བདེ་གླིང་འབྲོག་ར་ཡུལ་སྐོར་མཛེས་ལྗོངས་གྲགས་ཅན་ཞིག་ཏུ་གྱུར་ཡོད། འདི་ལོའི་ཟླ་5པར་རྫིང་ཕྱི་ཤང་གིས་ཡུལ་བབ་དང་བསྟུན་ནས་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་4བཙུགས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་ཡོད། མིག་སྔར་ཉིན་རེར་ཡུལ་སྐོར་བ་200ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཟླ་རེར་འབབ་འཕར་སྒོར་ཁྲི་9ལྷག་ཙམ་ཡོང་གི་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་ཆབས་ཅིག རང་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཕན་འབྲས་ཀྱང་རིམ་བཞིན་ཐོན་ནས་སྲུང་སྐྱོང་སྲོག་ཆགས་ཕལ་ཆེ་བའི་ཁྱུ་ཚོགས་ཀྱི་གྲངས་འབོར་སླར་གསོ་རྣམ་པའི་འཕར་ཚད་མངོན་གསལ་དོད་པོས་མང་དུ་འགྲོ་བཞིན་ཡོད། གཙོད་ཀྱི་གྲངས་འབོར་ཉུང་ཤོས་སྐབས་ཀྱི་ཁྲི་7ལྷག་ཙམ་ནས་ཁྲི་30ལྷག་ཙམ་བར་དང་། འབྲོང་གི་གྲངས་འབོར་སྟོང་ཕྲག་ཁ་ཤས་ལས་མེད་པ་ནས་ཁྲི་2ལྷག་ཙམ་བར། དགུན་སྒྲོལ་ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་དུས་རབས་གོང་མར་2000ཡང་མ་ཟིན་པ་ནས་ད་ཆའི་ཁྲི་ཡན་བར་བཅས་མང་དུ་ཕྱིན་ཡོད།
2018ལོ་ནས་བཟུང་རང་ལྗོངས་ཀྱིས་སྐྱེ་ཁམས་ཁ་གསབ་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་བ་ལས་སྐྱེ་ཁམས་ལས་གནས་ཁྲི་66.7བར་མང་དུ་ཕྱིན་ནས་མི་རེར་ལོ་རེར་ཆ་སྙོམས་ཁ་གསབ་སྒོར་3500བར་མང་དུ་ཕྱིན་པ་དང་སྤེན་པ་དབང་ཕྱུག་དང་འདྲ་བའི་ཞིང་འབྲོག་པ་དེ་བས་མང་བར་རྩྭ་ཐང་དང་། སྲོག་ཆགས། གཙང་པོ་དང་མཚོ་བཅོས་སྐྱོང་སོགས་བརྒྱུད“སྐྱེ་ཁམས་ཀྱི་ཡོང་འབབ”བྱུང་ཡོད་པ་རེད།
རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་ནི་དམིགས་ཚད་མ་ལག་གི“སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འཐབ་ཁུལ”ཁྲོད་ཀྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་དང་། མི་རྣམས་ཀྱིས་རང་འགུལ་ངང་རྩྭ་ཐང་གི་སྔོ་ཁེབས་སླར་གསོ་དང་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ཁུལ་ནས་ཕྱིར་འཐེན་བྱས་པས་རི་སྐྱེས་སྲོག་ཆགས་དང་རྩྭ་རྩི་ཤིང་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།
ད་ཐེངས་བརྟག་ཞིབ་བྱས་རྗེས་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་གཞུང་ལས་ཁང་གིས་ད་དུང“སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་འཐབ་ཁུལ”གྱི་དམིགས་ཚད་མ་ལག་ནང“གངས་འཁྱགས་ཐོན་ཁུངས་སྲུང་སྐྱོང”གི་ཁྱད་ལྡན་དམིགས་ཚད་བསྣན་པ་དེ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་ཞིག་ཡིན་ལ“གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་དང་མཐུན་ཡོད་པས་གངས་འཁྱགས་ཁྲོད་འཚོ་གནས་བྱེད་མཁན་སྲོག་ཆགས་དང་རྩྭ་རྩི་ཤིང་ལ་སྲུང་སྐྱོང་དེ་བས་ལེགས་པ་ཐོབ་རྒྱུ་རེད།
ཟངས་རི་རྫོང་།
འདམ་རར་སྲུང་སྐྱོང་བྱས་པས་བཙོག་ཆུ་གཙང་མར་གྱུར།
“འགྲོ ངས་ཁྱེད་ཚོ་ཡ་མཚན་ཅན་གྱི་འདམ་ར་དེར་ལྟ་བར་ཁྲིད་ཆོག”ཅེས་བརྟག་ཞིབ་ལ་ཕེབས་རོགས་ཞུ་མཁན་ལྷོ་ཁ་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་དབང་ཆེན་གྱིས་བཤད།
གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བྱེད་པ་ནི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་རེད། “བཙོག་ཆུ་གཙང་གསིང་ཇི་ལྟར་བྱེད་དགོས་སམ། ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་དང་འཚམ་པ་ཇི་ལྟར་བྱེད་དགོས་སམ། ང་ཚོས་ཐོག་མཐའ་བར་གསུམ་དུ་གནད་དོན་དེ་དག་ལ་བསམ་གཞིག་བྱེད་ཀྱིན་ཡོད”ཅེས་དབང་ཆེན་གྱིས་བཤད།
ལྗོངས་ཕྱི་ནང་གི་དཔེ་སྟོན་ས་ཚིགས་སུ་བཅར་འདྲི་དང་བརྟག་ཞིབ་བྱས་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་གྱིས་ཟངས་རི་རྫོང་དུ་ཚོད་ལྟའི་ལས་དོན་སྤེལ་ནས་རིམ་པ་མཐོ་པོས་སྟོབས་ཆེར་གཏོང་བ་དང་མི་ཐབས་ལ་བརྟེན་པའི་འདམ་རའི་ཇུས་འགོད་ལག་རྩལ་སྤྱད་དེ་འཚོ་བའི་བཙོག་ཆུ་གཙང་གསིང་བྱེད་དགོས་པའི་གཏན་འབེབས་བཟོས་པ་རེད།
ཟངས་རི་རྫོང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭས་2021ལོའི་ཟླ་6པ་ནས་བཟུང་ཚོད་ལྟའི་ལས་དོན་སྤེལ་འགོ་བཙུགས་པ་དང་ཉིན་ལྟར་འཚོ་བའི་བཙོག་ཆུ་གཙང་གསིང་བྱེད་ཚད་ཏུན་1000ཟིན་ནས་རྫོང་གྲོང་གི་ས་ཁོངས་70%ཙམ་ལ་ཁྱབ་ཡོད་པ་རེད།
“དེ་སྔ་གཙང་པོའི་ནང་གད་སྙིགས་ཡོད་ལ་དྲི་མའང་ཧ་ཅང་ངན་པོ་བྲོ་ཡི་ཡོད་པས་ཉེ་འགྲམ་དུ་འགྲོ་ཡང་ཕོད་ཀྱི་མེད། རྫོང་དུ་བཙོག་ཆུ་གཙང་གསིང་བཟོ་གྲྭ་བཙུགས་རྗེས་ཆུ་དྭངས་སུ་ཕྱིན་པས་སེམས་ཧ་ཅང་སྐྱིད་པོ་འདུག”ཅེས་ཡུལ་མི་དབྱངས་ཅན་གྱིས་བཤད།
མིག་སྔར་རང་ལྗོངས་ཀྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་ས་ཁུལ་དང་གྲོང་ཁྱེར་7དང་རྫོང་གྲོང་60ལ་ཁྱབ་ཡོད། 《2022ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ལས་མངོན་པར། རང་ལྗོངས་ཀྱི་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་གསིང་བྱེད་ཚད་86.55%བར་མཐོ་རུ་ཕྱིན་པ་དང་། ལྗོངས་ཡོངས་སུ་དྲི་ངན་བྲོ་བའི་བཙོག་ཆུ་མེད་པ། གཙང་པོའི་ངོགས་ཀྱི་གང་སར་མཛེས་ལྗོངས་རེད།
བརྟག་ཞིབ་བྱེད་རིང་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་ཀྱི“རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་སྤུས་ཚད་ལོན་ཚད”སོགས་ཀྱི་དམིགས་ཚད་ལ་སྤྱིའི་ཆ་ནས་རྨང་གཞི་ཡག་པོ་ཡོད་པས་རང་སྐྱོང་ལྗོངས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་གཞུང་ལས་ཁང་གིས་གོང་གསལ་དམིགས་ཚད་དེ་2024ལོ་དང་2025ལོའི་མདུན་གྲལ་དུ་སླེབས་པའི་དམིགས་ཚད་ལ་བརྩིས་ནས་བསམ་གཞིག་བྱས་ཏེ་ལོ་ལྟར་དམིགས་ཚད་ཐད་སྔོན་ཐོན་གྱི་གནས་བབ་བརྩོན་ལེན་ཐུབ་པའི་འགན་ལེན་བྱེད་རྒྱུ་རེད།
བརྟག་ཞིབ་ཚོགས་ཆུང་གི་རྗེས་སུ་འབྲངས་ནས་རྒྱ་ཚ་དང་། ཆུ་གསུམ། ཟངས་རི། སྣེ་གདོང་། གྲ་ནང་སོགས་རྫོང་5ཡི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཁུལ་18ལ་བཅར་འདྲི་བྱས་པ་ལས་གསར་འགོད་པར་སྲིད་གཞུང་དང་མི་དམངས་སེམས་ནུས་གཅིག་ཏུ་བསྒྲིལ་ཚེ་གཞི་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་ལས་དོན་ལ་དམ་འཛིན་ཡག་པོ་དང་ཏན་ཏིག་ཐུབ་པའི་མྱོང་ཚོར་བྱུང་།