མཛེས་སྡུག་ལྡན་པའི་ས་མཐོ་ཡིས། ཐག་རིང་མགྲོན་པོར་བསུ་བ་ཞུ།
—— བོད་ཀྱིས་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཁྱད་ལྡན་ལེགས་ལྡན་ཐོན་ཁུངས་ལ་གཞི་ཚུགས་ནས། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། ཡུལ་སྐོར+རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བ། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་ཡོད། ད་ཆ་ཡུལ་སྐོར་ཐོན་ལས་དེ་བོད་ཀྱི་སྔོན་ཁྲིད་ཐོན་ལས་དང་། དམངས་ཕྱུག་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་སུ་འགྱུར་བཞིན་ཡོད་ལ། དམངས་ཕྱུག་བོད་དར་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད།
ཁྱད་ཆོས་ལ་གཞི་ཚུགས་ནས་ཡུལ་སྐོར་འཕེལ་རྒྱས་བཏང་བ།
“བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་རང་བྱུང་གི་མཛེས་པ་དང་། ལོ་རྒྱུས་དང་མི་ཆོས་ཀྱི་མཛེས་པ། མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱི་མཛེས་པ་བཅས་གཅིག་ཏུ་འདུས་ཡོད” བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དེ་ནི་བོད་ཀྱིས་རང་བྱུང་ཁམས་ཀྱི་ལེགས་ཆ་སྣ་ཚོགས“རིན་ཐང”དུ་འགྱུར་བའི་གདེང་སྤོབས་དང་། ལེགས་ཆ། མི་མངོན་པའི་སྟོབས་ཤུགས་བཅས་གནས་ས་ཞིག་ཡིན་པའི་ངོས་འཛིན་གནང་གི་ཡོད།
བོད་ཀྱིས་ཐོན་ཁུངས་ནི་རྩ་བ་དང་། ཁྱད་ཆོས་ནི་རྩ་བ། རིག་གནས་ནི་བླ་སྲོག ཁྲོམ་ར་ནི་སྟོན་ཕྱོགས་བཅས་ཡིན་པ་མཐའ་འཁྱོངས་ཀྱིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པར་བྱེད་པ་དང་། “ཁྱད་ལྡན་དང་། རྩེར་སོན། སྤུས་དག”བཅས་ཀྱི་འཕེལ་རྒྱས་ཐབས་ལམ་མངོན་པར་བྱེད་པ། ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་ཡག་པོ་བཅས་བྱས་ཏེ“འཛམ་གླིང་གི་ཡུལ་སྐོར་དམིགས་སའི་ཁུལ”གང་མགྱོགས་བསྐྲུན་རྒྱུ་རེད།
ལྷོ་ཁ་གྲོང་ཁྱེར་ཡར་འབྲོག་གཡུ་མཚོའི་མཛེས་ལྗོངས་ཁུལ་ནས་མཛེས་ལྗོངས་ཁུལ་བཞི་པོའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་སོ་སོར་མཐོང་ཐུབ་ལ། ཉམས་ལེན་རྣམ་གྲངས་མི་འདྲ་བའང་ཡོད་པ་རེད། ལྷོ་ཁར་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་མཛེས་ལྗོངས་ཁུལ་ཡིན་པའི་ཡར་འབྲོག་གཡུ་མཚོ་ནི་ཞེ་ཁྲེང་ལས་སྟེགས་ཐོག་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་མཐོ་ཤོས་ཀྱི་བོད་ཀྱི་མཛེས་ལྗོངས་ཁུལ་ཞིག་རེད། ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་སྐུལ་འདེད་ཁོའོ་ཡི་ཁོའོ་ཀྲང་པ་སངས་སྒྲོལ་མས། ཡར་འབྲོག་གཡུ་མཚོ་འགོ་འཛུགས་སར་བྱས་ཏེ་ལྷོ་ཁས་གངས་འཁྱགས་དང་གནས་མཚོར་ཡུལ་སྐོར་བྱེད་པའི་ཡུལ་སྐོར་ཐོན་རྫས་བཏོན་ཡོད་ལ། ལྷོ་ཁའི་ཁྱད་ལྡན་ཡུལ་སྐོར་ཐོན་ཁུངས་ལ་རྩིས་བཤེར་གསེད་བཀྲོལ་བྱས་པ་བརྒྱུད་ལྷོ་ཁས་ད་དུང་མཐའ་མཚམས་ཀྱི་གསར་བརྗེའི་ཡུལ་སྐོར་དང་ཡར་ཀླུང་གཙང་པོའི་རིག་གནས་ཡུལ་སྐོར་སོགས་ལམ་ཐིག་རྩེ་གྲ་ཡང་བཏོད་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས “ལམ་ཐིག་རྩེ་གྲ་ཚང་མ་ལྷོ་ཁའི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་རྨང་གཞིའི་ཐོག་བཏོད་ཡོད” ཅེས་བཤད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཡུལ་སྐོར་རིག་གནས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་25ལྷག་ཙམ་ཟིན་པའི་རྒྱལ་ཁབ་ཀྱི་མ་འཇོག་རྣམ་གྲངས་328བརྩོན་ལེན་བྱས་པ་དང་།རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཀྱང་མ་དངུལ་བཏང་ནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་སྣ་ཚོགས་འཛུགས་སྐྲུན་བྱས་ཏེ་ཡུལ་སྐོར་གྱི་སྤྱི་པའི་ཞབས་འདེགས་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་བཏང་ཡོད། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་གཞོན་པ་དོན་གྲུབ་ཀྱིས། ན་ནིང་ཁོ་ནར་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་2.71དོན་འཁྱོལ་བྱས་ཏེ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་27ལག་ལེན་བསྟར་བ་དང་ཆབས་ཅིག བོད་ཀྱིས་དངུལ་ཁང་དང་ཁེ་ལས་མཉམ་ལས་གཏིང་ཟབ་བྱས་ནས། ཡུལ་སྐོར་ཁེ་ལས་དང་ཡུལ་སྐོར་རྣམ་གྲངས་ཀྱི་དངུལ་རྩའི་དགོས་མཁོའི་མཛོད་འཐུས་སྒོ་ཚང་དུ་བཏང་བ་དང་། ཡིད་རྟོན་དངུལ་བུན་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ལ་ཕྱོགས་པར་མཐུན་སྦྱོར་སྐུལ་འདེད་བཏང་སྟེ་ཁེ་ལས་ཀྱི་ཡིད་རྟོན་དངུལ་བུན་གྱི་ལས་སྟེགས་བཏོད་ཡོད། 2021ལོ་དང་2022ལོར། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་ལ་རིམ་རྩིས་བྱས་ན་དངུལ་བུན་སྒོར་དུང་ཕྱུར་32ཙམ་བཏང་ཡོད།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་ས་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་གྱི་ཡོང་འབབ་བསྡོམས་འབོར་ཁྲོད་ཡུལ་སྐོར་དཔལ་འབྱོར་གྱིས་33.3%བཟུང་ནས་མིང་དོན་མཚུངས་པའི་སྔོན་ཁྲིད་ཐོན་ལས་སུ་གྱུར་ཡོད། 2021ལོར་བོད་ཡོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4153.44ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་18.5%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་441.90ཟིན་པ་དེ་དུས་མཚུངས་ལས་20.6%འཕར་ཡོད། རིམས་ནད་ཀྱིས་རྐྱེན་པས་2022ལོར་བོད་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དང་ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་ཅུང་ཆག་ཡོད། 2023ལོར་བོད་ཀྱིས་ཡུལ་སྐོར་ལས་རིགས་སླར་གསོའི་འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་དགོས་ལུགས་བཏོན་པས་ཡུལ་སྐོར་ལས་རིགས་སླར་གསོ་ཡག་པོ་བྱུང་ཡོད། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར། བོད་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1173.19ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་44.76%འཕར་བ་དང་། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་130.78ཟིན་པ་དེ་དུས་མཚུངས་ལས་42.88%འཕར་ནས་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་མངོན་གསལ་དོད་ལ་ཡུལ་སྐོར་དཔལ་འབྱོར་ཡང་སླར་གསོ་ཡག་པོ་བྱུང་ཡོད།
ཡུལ་སྐོར་+ལ་མགྱོགས་མྱུར་སྐུལ་འདེད་བཏང་བ།
ཉེ་བའི་ལོ་གཉིས་རིང་། ཀོ་གྲུ་ཞིབ་འཇུག་སློབ་སྦྱོང་དང་འཇུན་གྲོང་ཚོའི་དམངས་སྲོལ་ཉམས་ལེན་སོགས་ཆེད་དོན་ཡུལ་སྐོར་བོད་དུ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། མཉམ་འདྲེས་འཚམ་རིགས་མཉམ་འདྲེས་དང་མཉམ་འདྲེས་ཐུབ་རིགས་ཚང་མ་མཉམ་འདྲེས་གང་ཐུབ་བྱེད་པ་མཐའ་འཁྱོངས་ཀྱིས་བོད་ཀྱིས་ཡུལ་སྐོར་དང་ལས་རིགས་གཞན་དག་མཉམ་འདྲེས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཐོན་ལས་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ཡོད།
ད་ཆ་ཤར་པའི་དམངས་སྲོལ་དང་། ཀརྨ་ལག་ཤེས་བཟོ་རྩལ། ཐང་ག གནའ་བོའི་ཚྭ་ཞིང་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་རིམ་སྤེལ་ཡུལ་སྐོར་བྱེད་སྒོ་རྒྱུན་མཐུད་སྤེལ་བཞིན་ཡོད་ཅིང་། བོད་ཀྱིས་ཡུལ་སྐོར་དང་རིག་གནས་སྤེལ་རེས་གཏིང་ཟབ་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས། རིག་གནས་འགྲེམས་སྟོན་དང་རིག་གནས་ཉམས་ལེན་གང་ལེགས་བྱེད་པ་དང་། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི་མཚོན་བྱེད་རང་བཞིན་དང་རིག་གནས་ཀྱི་ནང་དོན་ཟབ་མོ་ལྡན་པའི་གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་གཅིག་ནས་གཉིས་བར་ཚོད་ལྟའི་ངང་སྐྲུན་པ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཡུལ་སྐོར་ལ་བརྟེན་ནས་རིག་གནས་བརྒྱུད་བསྒྲགས་ལ་སྐུལ་ཁྲིད་དང་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།
བོད་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་མྱོང་རོལ་དང་། ས་མཐོར་རྐང་ཐང་མར་སྤྲོ་གསེང་། བོད་སྨན་གྱི་ལུམ་བཅོས་ལུས་གསོ་སོགས་ཁྱད་ལྡན་ཐོན་རྫས་གཅིག་རྗེས་གཉིས་མཐུད་ངང་ཐོན་ཞིང་། སྐྱེ་ཁམས་རྨང་གཞིར་བྱས་ནས། བོད་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་མྱོང་རོལ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་པར་ལེན་སོགས་ཁྱད་ལྡན་ཡུལ་སྐོར་ཁྱབ་གདལ་བཏང་བ་དང་། ལྗང་མདོག་དང་ལུས་གསོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་པར་མུ་མཐུད་སྐུལ་འདེད་ཤུགས་ཆེན་བཏང་སྟེ། འདི་ལོ་རང་སྐྱོང་ལྗོངས་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་དང་ལུས་གསོ་དང་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞི་2ནས་3བར་མང་དུ་བཏང་ནས་བོད་ཀྱི་སྤུས་ལེགས་ཡུལ་སྐོར་མཁོ་སྤྲོད་ཐུབ་ཚད་རྒྱུན་མཐུད་མང་དུ་གཏོང་རྒྱུ་རེད།
བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས། འདི་ལོ་བོད་ཀྱིས་ལྗོངས་ཡོངས་ཀྱི་སྤུས་ལེགས་ཡུལ་སྐོར་སླར་གསོ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ལོ་ཧྲིལ་པོའི་ཡུལ་སྐོར་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་3900དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་510ཟིན་པའི་དམིགས་ཚད་ལས་འགན་མངོན་འགྱུར་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད། དེར་བརྟེན་བོད་ཀྱིས་ཡུལ་སྐོར་གྱི་ས་ཁོངས་ཧྲིལ་པོ་དང་། དུས་ཚིགས་ཧྲིལ་པོ། ལས་རིགས་ཧྲིལ་པོ་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས“ཡུལ་སྐོར+”དང“+ཡུལ་སྐོར”ལ་སྐུལ་འདེད་མྱུར་པོ་གཏོང་བ་དང་། རིག་གནས་དང་། ལུས་རྩལ། སློབ་གསོ་ཞིབ་འཇུག ས་མཐོའི་ཞིང་འབྲོག་ལས། བདེ་ཐང་ལུས་གསོ་སོགས་ཀྱི་ཁྱབ་ཁོངས་སུ་ཡུལ་སྐོར་དང་ཕན་ཚུན་མཉམ་འདྲེས་དང་མཐུན་སྦྱོར་འཕེལ་རྒྱས་མུ་མཐུད་གཏིང་ཟབ་བྱེད་པ། “བོད་ལུགས་གསོ་རིག་གི་ལུས་གསོ་ལ་བརྟེན་ནས་ཤ་སྐམ་དུ་གཏོང་བ་དང་། ཡུལ་སྐོར་ཞིབ་འཇུག་དང་ཚན་རིག་རྟོག་ཞིབ། ཡུལ་སྐོར་ཞིང་རའི་སྔོག་འཐུ། ས་མཐོར་རྐང་ཐང་མར་སྐྱོད་པ”སོགས་ཀྱི་ཁྱད་ལྡན་ཐོན་རྫས་ལེགས་སུ་གཏོང་བ། མཁའ་དབྱིངས་ཡུལ་སྐོར་དང་། གཡེང་འཕུར་མྱོང་རོལ། མཁའ་ཐོག་པར་རྒྱག་སོགས་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་མ་ཟད། ས་གནས(གྲོང་ཁྱེར)ཀྱིས་རྨང་གཞིའི་ཞབས་ཞུ་ཅུང་འཐུས་སྒོ་ཚང་བའི་གཙོ་གནད་མཛེས་ལྗོངས་ཁུལ་དང་གྲོང་ཁྱེར་མཐའ་འཁོར་སོགས་ཀྱི་ས་ཁོངས་སུ་ཆེད་དོན་ཁྱད་ལྡན་ཡུལ་སྐོར་རྟེན་གཞིའམ་ཡང་ན་ཉམས་ལེན་ས་ཚིགས་འཛུགས་པར་རྒྱབ་སྐྱོར་དང་ལྕག་སྐུལ་ཡང་བྱེད་རྒྱུ་རེད།
མི་ཚང་མ་ཡུལ་སྐོར་དར་སྤེལ་གཏོང་བར་ཞུགས་པ།
“རྟ་བཞོན་མཁན་ཡོད་དམ”ལྷོ་ཁ་གྲོང་ཁྱེར་ཡུམ་བུ་བརླ་མཁར་མཛེས་ལྗོངས་ཁུལ་དུ་ལོ་43ལ་སླེབས་པའི་ལོ་ཡག་རྡོ་རྗེ་དང་ཁོང་གི་རོགས་པ་ཚོས་སེམས་རྩ་འཁོལ་པོས་ཡུལ་སྐོར་བར་སྐད་ཆ་དེ་ལྟར་འདྲི་བཞིན་འདུག ཉིན་ལྟར་མཛེས་ལྗོངས་ཁུལ་གནས་སའི་སྨོན་གྲོང་སྒང་སྡེ་ཁུལ་གྱི་གྲོང་མི་ཚང་མས་ཡུལ་སྐོར་བར་རྟ་བཞོན་པའི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད།
“སྡེ་ཁུལ་དུ་མཉམ་ལས་ཁང་བཙུགས་ནས་རྟ་ཁྲིད་འདོད་ཡོད་པའི་གྲོང་མི་ཚོགས་ཆུང་གཉིས་སུ་བགོས་ཏེ་ཉིན་ལྟར་རྟ་གཅིག་གྱུར་བཀོད་སྒྲིག་བྱེད་པ་དང་ཚོགས་ཆུང་གཉིས་ཀྱིས་རེས་མོས་བྱས་ནས་རྟ་ཁྲིད་ཀྱི་ཡོད། ཡུལ་སྐོར་བ་མང་བའི་དུས་སུ་ཉིན་རེར་རྟ་རེ་ནས་སྒོར་ཆིག་སྟོང་ལྷག་ཙམ་རག་གི་འདུག”ཅེས་ལོ་ཡག་རྡོ་རྗེས་བཤད།
ཡུམ་བུ་བརླ་མཁར་གྱི་མཛེས་ལྗོངས་ཁུལ་ལ་བརྟེན་ནས་སྨོན་གྲོང་སྒང་སྡེ་ཁུལ་བོད་དུ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་སྔ་ཤོས་གྲས་ཀྱི་གྲོང་ཚོར་གྱུར་ཡོད། རྟ་བཞོན་ཞབས་ཞུ་དང་། ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་། ཡུལ་སྐོར་དྲན་རྟེན་དངོས་པོ་ཚོང་བ་སོགས་ལས་སྡེ་ཁུལ་གྱི་གྲོང་མི་ཡུལ་སྐོར་ལས་རིགས་ལ་རྒྱ་ཁྱབ་ཞུགས་ཡོད་པ་རེད། སྨོན་གྲོང་སྒང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དབྱངས་ཅན་སྒྲོལ་དཀར་གྱིས་ན་ནིང་སྡེ་ཁུལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་ཟིན་པ་དང་མང་ཆེ་བ་ཡུལ་སྐོར་ཞབས་ཞུ་ལས་བྱུང་ཡོད་ཅེས་བཤད།
སྨོན་གྲོང་སྒང་སྡེ་ཁུལ་ནི་བོད་ཀྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད། ན་ནིང་བོད་ཀྱི་ལྗོངས་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱིས་མི་ཐེངས་ཁྲི་851.88ལ་སྣེ་ལེན་ཞུས་པ་དང་། ཡོང་འབབ་སྒོར་དུང་ཕྱུར་9.81ཟིན་པ། ཞིང་འབྲོག་མང་ཚོགས་ཁྲི་8.5ལ་ལས་ཞུགས་སྣེ་ཁྲིད་བྱས་པ། ཡུལ་སྐོར་སྣེ་ལེན་གྱི་ནུས་པ་ལྡན་པའི་གྲོང་གསེབ་ཡུལ་སྐོར་བྱ་ཡུལ་321ཡོད་པ་རེད། བོད་ཀྱི་གྲོང་གསེབ་6རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོར་བདམས་པ་དང་གྲོང་རྡལ(ཤང)4རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་རྡལ(ཤང)ལ་བདམས་ཤིང་། “ལྷ་སའི་གྲོང་གསེབ་སོལ་དལ་ཡུལ་སྐོར”དང་། “ཉིང་ཁྲིའི‘གངས་ལྗོངས་སྔོ་ལྗང་མཛེས་ལྗོངས་ཁུལ’གྱི་གྲོང་གསེབ་ཀྱི་ལྟ་སྐོར་སོལ་དལ་ཡུལ་སྐོར”“ཡར་ཀླུང་གཙང་པོའི་ལྟ་སྐོར་སོལ་དལ་ཡུལ་སྐོར”བཅས་ན་ནིང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་སྤུས་རྟགས་ལམ་ཐིག་ལ་བདམས་ཡོད།
གསར་འགོད་པར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་ནས་ཤེས་རྟོགས་བྱུང་བར། འདི་ལོ་བོད་ཀྱིས“རྫོང་རེར་སྤུས་རྟགས་རེ་དང་རྫོང་རེར་རྣམ་པ་རེ”དང“རྫོང་ཚང་མའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས”བཅས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ་དང་ས་གནས་དེ་རང་གི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གྲགས་ཅན་རྫོང་ཞིག་གཙོ་གནད་ཐོག་བཙུགས་ཏེ་ཡུལ་སྐོར་ཐོན་ལས་ཀྱི་དཔལ་འབྱོར་ཁྱད་ཆོས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། ཁྲོམ་ར་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་བ། ཐོན་ལས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། མང་ཚོགས་ཚོ་ཁྱིམ་ཀྱི་སྒོ་རྩ་ནས་ཡུལ་སྐོར་ཐུབ་པ་དང་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་རག་པར་བྱས་ཏེ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁེ་སྤོགས་དེ་བས་ལེགས་པའི་སྒོ་ནས་མཉམ་སྤྱོད་ཐུབ་པར་བྱས་ཡོད།
གཞན་ཡང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ལ་གཞི་ཚུགས་ནས་བོད་ཀྱིས་ད་དུང་གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ཤན་པ་དང་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་སོགས་གསོ་སྦྱོང་གི་འདུ་འགོད་ལག་བསྟར་ལ་སྐུལ་འདེད་བཏང་སྟེ་ཁག་ཐེངས་དབྱེ་ནས་སློབ་སྦྱོང་དང་གསོ་སྦྱོང་བྱེད་པ་དང་བོད་ལྗོངས་ཡུལ་སྐོར་གྱི་སྤྱིའི་སྤུས་ཚད་ལེགས་སུ་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད།