དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྔོན་མའི་གྲམ་ཐང་ད་ཆ་རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་དུ་གྱུར་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-09

    ཡར་ཀླུང་གཙང་པོ་དང་ཉང་ཆུའི་འབྲེལ་མཚམས་སུ་གནས་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་ཆུ་ངོས་ས་བབ་མཐོ་ཚད་སྨི་2920ཟིན་གྱི་ཡོད། ད་ཆའི་ཡར་ཉང་འདམ་རར་ཆུ་མོ་དྭངས་ཤིང་བྱ་རིགས་སྣ་ཚོགས་ཅི་དགར་རོལ་བཞིན་ཡོད། ད་ཆའི་སྔོ་ཐིང་ཐིང་གི་འདམ་ར་དེ་སྔོན་ཆད་སྐྱ་ཐེར་ཐེར་གྱི་གྲམ་ཐང་ཡིན་པ་སུ་ཡིས་ཤེས།

    “སྔོན་ཆད་དེ་གར་སྐྱ་ཐེར་ཐེར་གྱི་གྲམ་ཐང་ཡིན་པས་བྱེ་རླུང་ལྡང་ཚེ་མིག་ཀྱང་གདངས་མི་ཐུབ་ལ་ལུས་པོ་ཡོངས་ཐལ་བས་འཚོས་ཀྱི་ཡོད” ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཆུ་འཁོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་མཆོག་གིས་སྔོན་ཆད་རང་བྱུང་དང་མིའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཕོག་པར་བརྟེན་འདི་གའི་སྔོ་ཁེབས་ཉུང་དུ་ཕྱིན་པ་དང་བྱེ་མར་འགྱུར་ཚབས་ཆེ་རུ་ཕྱིན་ནས། ས་གནས་དེ་གའི་གྲོང་མིའི་ཐོན་སྐྱེད་དང་འཚོ་བར་དཀའ་ངལ་མང་པོ་འཕྲད་ཡོད་ཅེས་གསར་འགོད་པར་བཤད།

    ཡར་ཉང་འདམ་རའི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་དེ་2009ལོའི་འདམ་རའི་སྤྱི་གླིང་ཚོད་ལྟ་འཛུགས་སྐྲུན་བྱེད་དུས་ནས་འགོ་ཚུགས་ཡོད། 2016ལོར་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དོ་དམ་ཅུས་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་རྗེས་ད་བར་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་སྟེ། སྲུང་སྐྱོང་དང་ཉམས་གསོ་སོགས་ལས་གྲྭ་ཁག་4ལག་བསྟར་བྱས་པས། ཡར་ཉང་འདམ་ར་སླར་གསོ་བྱུང་བ་དང་སྐྱེ་ཁམས་ཁོར་ཡུག་ཀྱང་ལེགས་སུ་ཕྱིན་ཡོད།

    པ་སངས་མཆོག་གིས“འདམ་རའི་ཉེ་འཁོར་གྱི་གྲོང་མིས་ཀྱང་དང་ལེན་ཧུར་ཐག་ཞུས་ནས་བྱེ་འགོག་ནགས་བཟོའི་ལས་གྲྭར་ཞུགས་ཡོད། 2016ལོ་ནས་བཟུང་ཡར་ཉང་འདམ་རའི་མཐའ་འཁོར་གཙང་འགྲམ་གྱི་མུའུ་1300ལྷག་ཙམ་གྱི་ས་ཆར་ལྗོན་ཤིང་སྣ་ཚོགས་བཙུགས་པས་རླུང་འགོག་བྱེ་འཇགས་ཐུབ་པ་མ་ཟད། ཁོར་ཡུག་ཀྱང་མཛེས་སུ་ཕྱིན་ཡོད། ད་ཆ་རང་འགུལ་ཤིང་འཛུགས་དེ་གྲོང་མིའི་གོམས་གཤིས་སུ་གྱུར་ཡོད”ཅེས་བཤད།

    “ད་ཆ་ང་ཚོས‘དོ་དམ་ཅུས་དང་། ཤང་དང་གྲོང་རྡལ། གྲོང་ཚོ་གྲོང་ལྷན’བཅས་ཟུང་དུ་འབྲེལ་བའི་དོ་དམ་བྱེད་སྟངས་ལག་བསྟར་བྱས་ནས། རྒྱུན་གཏན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་མང་ཚོགས་ཀྱི་སྐོར་སྲུང་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་པ་དང་ཆབས་ཅིག འདམ་རའི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་བ་དང་འདམ་རའི་དོ་དམ་སྲུང་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ་འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་ཀྱི་ཡོད”ཅེས་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཚེ་རིང་སྒྲོལ་མས་བཤད།

    2022ལོའི་ཟླ་7ཚེས་21ཉིན་བོད་ལྗོངས་ཡར་ཉང་འདམ་རའི་སྐྱེ་ཁམས་མ་ལག་གི་རྒྱལ་ཁབ་ཀྱི་ངེས་གནས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་དངོས་སུ་སྒོ་བྱང་བཀལ་བ་དེ་ཐོག་ནས་ཡར་ཉང་འདམ་རའི་ཚན་ཞིབ་གོམ་སྟབས་ཁྱོན་ཡོངས་ནས་མགྱོགས་སུ་ཕྱིན་པ་དང་། ཡར་ཉང་འདམ་རའི་སྤྱི་གླིང་གི་ཚན་རིག་དང་མཐུན་པའི་སྲུང་སྐྱོང་དང་། ལུགས་མཐུན་བེད་སྤྱོད། ཕྱོགས་ཡོངས་འཕེལ་རྒྱས་བཅས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སྐྱོད་འགོ་ཚུགས་པ་མཚོན་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།