དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མཚོ་འགྲམ་གྱི་ཁྱིམ་ཚང་མགྲོན་ཁང་ལ་བརྟེན་ནས་ཞིང་པ་ཕྱུག་པོའི་ལམ་དུ་བསྐྱོད་པ།

    —— ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་འདབ་ལུང་སྡེ་ཁུལ་གྱིས་ཡུལ་སྐོར་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-09

    ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྣ་དཀར་རྩེ་གྲོང་རྡལ་གྱི་འདབ་ལུང་སྡེ་ཁུལ་ཡར་འབྲོག་གཡུ་མཚོའི་འགྲམ་དུ་དང་རྒྱལ་ལམ་349ཡི་ངོགས་སུ་ཆགས་ཡོད། གྲོང་ཚོའི་ནང་གི་བོད་ལུགས་ཀྱི་དམངས་སྲོལ་སྡོད་ཁང་ལ་ཁྱད་ཆོས་མངོན་གསལ་དོད་པ་དང་། ས་གནས་དེ་གའི་མཚོ་དང་། རི་བོ། ཞིང་ཐང་བཅས་ཀྱི་ཡུལ་ལྗོངས་ཀྱིས་ཡུལ་སྐོར་བའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་བཞིན་ཡོད། ཁྱད་ལྡན་ཡུལ་སྐོར་ཐོན་ལས་ཀྱང་འཕེལ་རྒྱས་ཡག་པོ་བྱུང་ཡོད།

    ཉེ་བའི་ལོ་ཤས་རིང་། སྣ་དཀར་རྩེ་རྫོང་གིས་ས་གནས་དེ་གའི་ཐོན་ཁུངས་ཀྱི་ཁྱད་འཕགས་ལ་གཞི་ཚུགས་ནས“ཡུལ་སྐོར་གཙོ་བོར་བྱེད་པ་དང་འབྲོག་ལས་རྩ་བར་འཛིན་པའི”འཕེལ་རྒྱས་བསམ་ཕྱོགས་ལ་དམིགས་ཏེ། ཡར་འབྲོག་གཡུ་མཚོའི་ངོགས་ཀྱི་གྲོང་ཚོར་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བའི་འདུ་འགོད་ལག་ལེན་བསྟར་བ་དང་ཡུལ་སྐོར་ཁྱིམ་ཚང་མགྲོན་ཁང་གི་རྣམ་གྲངས་འཕེལ་རྒྱས་ལ་ཁྲིད་སྟོན་བྱས་པས་དམངས་ཕྱུག་འབབ་འཕར་བྱུང་བ་མ་ཟད། མཛེས་སྡུག་ལྡན་པའི་གྲོང་གསེབ་སྔར་བས་མཛེས་སུ་ཕྱིན་ཡོད།

    འདབ་ལུང་སྡེ་ཁུལ་ནི་ཉེ་བའི་ལོ་གཉིས་རིང་རིམ་གྱིས་འཕེལ་རྒྱས་བྱུང་བའི་ཁྱད་ལྡན་དམངས་སྲོལ་གནས་ཚང་གི་གྲོང་ཚོའི་གྲས་ཤིག་རེད། ན་ནིང་ནས་བཟུང་སྡེ་ཁུལ་དེས་ཡུལ་སྐོར་བ་མི་ཐེངས་ཁྲི་0.57ལ་སྣེ་ལེན་ཞུས་པ་དང་ཞག་སྡོད་དང་། བཟའ་བཏུང་། ཡུལ་ཟོག་དང་ལག་ཤེས་ཐོན་རྫས་ཕྱིར་ཚོང་སོགས་ཀྱི་ཡུལ་སྐོར་ཞབས་འདེགས་ཞུས་པ་བརྒྱུད་ཡུལ་མི་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.5ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།

    འདབ་ལུང་སྡེ་ཁུལ་དུ་ཡུལ་མི་མང་བ་དང་མང་ཚོགས་ཀྱི་སྡོད་ཁང་རྒྱ་ཆེ་ལ་དཀར་ཆ་དོད་པོ་ཡོད། 2022ལོར་གོང་རིམ་འབྲེལ་ཡོད་སྡེ་ཚན་གྱི་རོགས་རམ་འོག་སྡེ་ཁུལ་གྱི་ཁག་དང་པོའི་མང་ཚོགས་དུད་ཚང་23གྱིས་ཁང་མིག་52བཏོན་ནས་སྡེ་ཁུལ་དུ་རླངས་འཁོར་འཇོག་ས་དང་ཁྱད་ལྡན་ཐོན་རྫས་ཚོང་ཁང་སོགས་ཆ་ཚང་བཙུགས་ཏེ། ཞིང་སྡེའི་དམངས་སྲོལ་གནས་ཚང་འཕེལ་རྒྱས་བཏང་ཡོད།

    ཡུལ་མི་ཚེ་སྐྱིད་ཁྱིམ་གྱི་གནས་ཚང་དུ་སྐྱོད་སྐབས། ཁང་པའི་ནང་བོད་ལུགས་ཀྱི་མཛེས་བཟོ་ལེགས་པར་བྱས་ཡོད་པ་དང་། ཉལ་ཁྲི་གཙང་ལ་གྲལ་འགྲིག་ཅིང་ད་དུང་ཁང་མིག་ཚང་མར་གསོ་རླུང་སྙོམས་སྒྲིག་འཕྲུལ་འཁོར་བཀོད་སྒྲིག་བྱས་ཡོད། སྒེའུ་ཁུང་ནས་ཕྱི་རོལ་ལ་ལྟ་སྐབས་བསིལ་བསིལ་རླུང་བུའི་ལྡང་ཕྱོགས་དང་བསྟུན་ཏེ་ནས་ཀྱི་དྲི་ཞིམ་སྣ་ངོར་འཐུལ་འོང་། དེ་ནས་ཞིང་སྡེའི་ཡིད་འོང་མཛེས་པ་མ་ལུས་མིག་ལམ་དུ་འཆར་ཐུབ།

    “འདིར་ཡོང་མཁན་ཡུལ་སྐོར་བ་ཚང་མས་རང་ཁྱིམ་ལྟར་གྱི་དྲོ་སྐྱིད་ཚོར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད” ཚེ་སྐྱིད་ཀྱིས་མིག་སྔར་ངས་ཁྱིམ་གྱི་ཐོག་སོ་དང་པོའི་ཤེལ་ཁང་སྒྱུར་བཀོད་བྱས་ནས་ཇ་ཁང་ཞིག་འཛུགས་རྩིས་ཡོད། འདི་ནས་ཡུལ་སྐོར་བ་ཚོས་གསོལ་ཇ་མངར་མོ་འཐུང་ཞོར་དུ་རང་བྱུང་ལྷུན་གྱིས་གྲུབ་པའི་ཡུལ་ལྗོངས་ལ་མྱོང་རོལ་ཐུབ་པའི་རེ་བ་ཡོད་ཅེས་བཤད།

    དེས་མ་ཚད་འདབ་ལུང་སྡེ་ཁུལ་གྱིས་ད་དུང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་ཁྱད་ལྡན་དམངས་སྲོལ་གནས་ཚང་གི་ཐོན་ལས་མཉམ་དུ་འཆར་འགོད་དང་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་ཀྱིས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ། དུས་བཀག་ལྟར་ཁང་པའི་རྒྱབ་མདུན་དང་། སྤྱི་པའི་ས་ཁོངས། ལམ་འགྲམ་བཅས་ལ་མཉམ་དུ་གཙང་སྦྲ་དང་། དུས་ཐོག་ཏུ་སྤྱི་པའི་སྒྲིག་བཀོད་ཉམས་བཟོ། ཁྱིམ་ཚང་གི་གཙང་སྦྲའི་འགྲན་བསྡུར་བཅས་བྱས་ཏེ་གྲོང་གསེབ་ཕྱི་ནང་གི་བཀོད་པ་སྔར་བས་མཛེས་སུ་བཏང་ཡོད།

    “ཡུལ་སྐོར་གྱི་དམངས་སྲོལ་གནས་ཚང་འཕེལ་རྒྱས་བཏང་བས་སྡེ་ཁུལ་གྱི་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ད་ཆ་ཚང་མས་རང་འགུལ་ངང་སྡེ་ཁུལ་གྱི་གཟུགས་བརྙན་སྲུང་གི་ཡོད་ལ་ཁོར་ཡུག་གཙང་སྦྲ་ལ་ཞུགས་པའི་ཧུར་སེམས་ཀྱང་ཆེ་རུ་ཕྱིན་ཡོད”ཅེས་སྡེ་ཁུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་བའི་འདབ་ལུང་སྡེ་ཁུལ་གྱི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་བུ་ཆུང་གིས་བཤད།

    ཡུལ་སྐོར་ལས་རིགས་གསར་སྤེལ་གཏིང་ཟབ་བྱས་པ་དང་ཆབས་ཅིག་གོམ་སྟབས་རྗེས་མར་འདབ་ལུང་སྡེ་ཁུལ་གྱིས་གྲོང་ཚོའི་བེད་མེད་ཁང་པ་དང་མང་ཚོགས་ཀྱི་བེད་མེད་ཁང་པ་ཚང་མ་སྤྱད་དེ། སྡེ་ཁུལ་གྲོང་གསེབ་ཀྱི་སྤྲོ་གསེང་དང་ཡར་འབྲོག་གཡུ་མཚོའི་མཛེས་པ་ཉམས་སུ་ལེན་པའི་ཞིང་སྡེའི་དམངས་སྲོལ་གནས་ཚང་གི་སྤུས་རྟགས་བཏོད་ནས། མང་ཚོགས་དེ་བས་མང་བ་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།