ཚན་རྩལ་གྱི་ཕན་ནུས་ཞིང་ནང་དང་འབྲོག་རར་ཁྱབ་གདལ་ཐུབ་པ།
ཚན་རྩལ་གྱིས་རང་ལྗོངས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ལས་དོན་ལ་ལྟ་བ།
འདི་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཞིང་ལས་ཐོན་ལས་གླིང་གི་ལས་དོན་མི་སྣས་དྲོད་ཁང་དུ་ལས་ཀ་བྱེད་བཞིན་པ།
འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་མང་ཚོགས་ཀྱིས་ཞིང་ནང་དུ་ཞིང་ལས་བྱེད་བཞིན་པ།
འདི་ནི་ཞིང་ལས་ཚན་རྩལ་ཀུང་སི་ཞིག་གི་ལས་མིས་དྲོད་ཁང་དུ་ལས་ཀ་བྱེད་བཞིན་པ།
རང་ལྗོངས་སུ་གནམ་གཤིས་ཀྱི་ཆ་རྐྱེན་དང་ས་ཁམས་ཀྱི་ཤུཌ་རྐྱེན་འོག་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ཞན་ཆ་མི་ཉུང་བ་ཞིག་ཡོད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ཞིང་ལས་ཚན་རྩལ་སྡེ་ཚན་གྱིས་ཚན་རྩལ་རང་ཚུགས་རང་དར་མཐའ་འཁྱོངས་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཚན་ཞིབ་སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་རྩའི་ལག་རྩལ་འགག་སྒྲོལ་དང་གཞན་སྒྱུར་བཀོལ་སྤྱོད་བཅས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་ཀྱི་འཐབ་ཇུས་རང་བཞིན་གྱི་ཚན་རྩལ་སྟོབས་ཤུགས་གཏོད་པའི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ཞིང་འབྲོག་ལས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་བརྒྱབ་པ།
རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས“ཞིང་གསུམ”ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་པ་དང་ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ལག་རྩལ་གྱི་འཇུར་མིག་གནད་དོན་ཐག་གཅོད་ལ་དམིགས་ཏེ། ཞིང་ཕྱུགས་ལག་རྩལ་གསར་གཏོད་དང་། རྨོ་ཞིང་གི་སྤུས་ཚད་དང་འབྲུ་སྣུམ་གྱི་སྤུས་ཚད་མཐོ་རུ་གཏོང་བ། རྩྭ་འདེབས་རྒྱ་ཁྱོན་ཆེ་རུ་གཏོང་བ། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ། དཔལ་འབྱོར་སྐྱེ་དངོས་སྤུས་ལེགས་དང་ཐོན་ཚད་མཐོ་བ། སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད། གྲོང་གསེབ་ལྗང་མདོག་སྡོད་མལ་ལ་འཚམ་པ། རིག་ལྡན་ཞིང་འབྲོག་ལས་ཀྱི་ལག་རྩལ་གསར་གཏོད་སོགས་གཙོ་གནད་འགག་སྒྲོལ་ཁ་ཕྱོགས་བཀོད་སྒྲིག་བྱས་ཏེ། ནས་དང་། འབྲི་གཡག བོད་ལུག བོད་ཕག གཟན་རྩྭ། ཞིང་ལས་ཐོན་རྫས་ལས་སྣོན། ཚན་རྩལ་བཅས་ཀྱིས་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་7ལག་བསྟར་སྒྲིག་འཛུགས་བྱས་ཏེ། སོན་རྒྱུའི་ཐོན་ཁུངས་སྔོག་འདོན་བེད་སྤྱོད་དང་། སོན་བཟང་འདེམས་གསོ། རྒྱུད་བཟང་གསོ་སྤེལ། འདེབས་འཛུགས་དང་གསོ་ཚགས་ནུས་པ་ཆེ་རུ་གཏོང་བ། ཞིང་འབྲོག་ཐོན་རྫས་ལས་སྣོན་སོགས་སྔོན་ཐོན་ལག་རྩལ་གཙོ་གནད་ཐོག་ཚད་བརྒལ་ཡོང་བར་བྱས་ཡོད།
འབྲེལ་ཡོད་སྡེ་ཚན་དང་ལས་དོན་མི་སྣས་ལོ་མང་འབད་བརྩོན་བྱས་པ་བརྒྱུད། ཞིང་འབྲོག་ལས་ཀྱི་ཚན་རྩལ་གྲུབ་འབྲས་ཁག་གཅིག་ལྗོངས་ཡོངས་སུ་ཁྱབ་གདལ་དང་བེད་སྤྱོད་ཐུབ་ཡོད།
རིམ་རྩིས་བྱས་ན། ནས་ཀྱི་སོན་རྒྱུའི་ཐོན་ཁུངས་6000ལྷག་ཙམ་གསལ་འབྱེད་བྱས་ཏེ་ནས་ཀྱི་གཞི་རྒྱུ་ཆ་ཚང་བའི་རྒྱུད་འཛིན་དཔེ་རིས་ཐོག་མར་བཟོས་པ་དང་། རྒྱལ་ནང་གི་ནས་ཀྱི་ལྟེ་བའི་སོན་རྒྱུའི་མཛོད་ཐོག་མ་བསྐྲུན་པ། “བོད་ནས་ཨང་2000པ”དང“ཧི་མ་ལ་ཡ་ནས་ཨང་22པ”སོགས་འདེབས་འཛུགས་གཙོ་བོའི་རིགས་ཀྱི་ལེ་ལག་ཚང་བའི་འདེབས་གསོའི་ལག་རྩལ་མ་ལག་བཙུགས་པ། 2021ལོ་ནས་2022ལོ་བར་རིམ་རྩིས་བྱས་ན་མུའུ་ཁྲི་353དཔེ་སྟོན་ཁྱབ་གདལ་བཏང་བ་དང་མུའུ་རེར་སྤྱི་རྒྱ་25ཡན་ཐོན་འཕར་བྱུང་བ། མཐོ་གྲང་གི་སྔ་སྨིན་རིགས“བོད་ནས་ཨང་17པ”དང་། སྤུས་ལེགས་ཀྱི་ནད་འགོག་རིགས“བོད་ནས་ཨང་20པ”ཐོན་འབབ་མཐོ་བའི་ཉལ་འགོག་རིགས“བོད་ནས་ཨང་3000པ”བཅས་ནས་ཀྱི་རིགས་གསུམ་ལ་རྒྱལ་ཁབ་ཀྱི་ཞིང་ལས་སྐྱེ་དངོས་གཙོ་བོ་མིན་པའི་རིགས་གསར་པའི་ཐོ་འགོད་བྱས་པ། འབྲི་གཡག་གཞི་ཁྱོན་ཅན་གྱི་གསོ་སྤེལ་དང་གཅིག་སྡུད་རྒྱགས་གསོའི་ལག་རྩལ་ལ་ཚད་བརྒལ་བྱུང་བ་དང་། ལྷུན་གྲུབ་རྫོང་གི་སྐལ་བཟང་ཐང་འབྲི་གཡག་གསོ་ཚགས་རྟེན་གཞིའི་ལོ་གཅིག་ལ་བེའུ་གཅིག་སྐྱེས་པའི་བསྡུར་གྲངས་60%ཟིན་པ་དང་། བེའུ་གསོན་ཚད་92.5%ཟིན་པ། འབྲི་གཡག་ལོ་གཉིས་དང་ལོ་ཕྱེད་ལ་བཤས་བཏང་ནས་སྲོལ་རྒྱུན་ལྟར་ན་འབྲི་གཡག་ལོ་6གསོ་ཚགས་བྱེད་པ་དང་བསྡུར་ན་ལས་ཕྱོད་83.6%མཐོ་རུ་ཕྱིན་ཡོད།
ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་གྱི་འཆར་གཞི་དང་ཀྲུང་དབྱང་གིས་ས་གནས་ཀྱི་ཆེད་སྤྱོད་མ་དངུལ་སྤྱོད་ཕྱོགས་ལ་ཁྲིད་སྟོན་བྱས་པ་བརྒྱུད། རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་4དང་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་7འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་གྲུབ་འབྲས་གཞན་སྒྱུར་བྱེད་ཟབ་ཏུ་བཏང་བ་དང་། བོད་ཕག་གསོ་ཚགས་དང་། སྒྲིག་བཀོད། དེ་བཞིན་སྔོ་ཚལ་སོགས་ཐད་ཀྱི་གླིང་ཁུལ་གྱི་ཚན་རྩལ་གསར་གཏོད་དཔེ་སྟོན་ནུས་པ་ཆེ་རུ་བཏང་བས། གླིང་ཁུལ་གྱི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་5ལྷག་ཙམ་ཟིན་ཡོད། དེའི་ནང་ཉིང་ཁྲི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་གིས་དཔེ་སྟོན་སྣ་ཁ་གསར་པ་22ནང་འདྲེན་དང་། བཟོ་རྩལ་གསར་པ་5གསར་སྤེལ། ཐོན་རྫས་གསར་པ་8ཞིབ་འཇུག་གསར་སྤེལ། དཔེ་སྟོན་རྟེན་གཞི་23བཙུགས་པ། ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་2.14ཟིན་པ། ས་གནས་དེ་གའི་འདེབས་འཛུགས་དང་གསོ་ཚགས་དུད་ཚང་དང་ཕྱུག་འགྱུར་འཇོན་ཐང་ཅན་དུད་ཚང་2300ལྷག་ཙམ་ལ་སྐུལ་ཁྲིད། གླིང་ཁུལ་གྱི་ལྟེ་བའི་ཁུལ་དང་དེ་བཞིན་དཔེ་སྟོན་ཁུལ་ས་གནས་དེ་གའི་མང་ཚོགས་ཀྱི་དངུལ་སྨར་ཡོང་ཁུངས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
2012ལོར་གཞིས་རྩེའི་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་ལ་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་ཁག་བཞི་པའི་ཆོག་མཆན་ཐོབ་ཅིང་། “ལྟེ་བ་གཅིག་དང་གཞི་གཉིས་གླིང་དྲུག”བཅས་ཀྱི་ཐོན་ལས་ཐབས་སྒྱུར་གྱི་འཕེལ་རྒྱས་གཏོང་སྟངས་ཀྱི་དམིགས་ཚད་ལྟར། གཞིས་རྩེའི་ཇོ་མོ་གླང་མའི་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་སྟོན་ཚོགས་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ལག་རྩལ་གསར་གཏོད་ཞིབ་འཇུག་དང་། གྲུབ་འབྲས་འགྲེམས་སྟོན་འགྲེམས་ཚོང་། ཕྱོགས་བསྡུས་ཞབས་ཞུ་དོ་དམ། སྐྱེ་ཁམས་སྤྲོ་གསེང་ཡུལ་སྐོར་བཅས་གཞི་གཅིག་ཅན་གྱི་ཞིང་སྡེའི་ཕྱོགས་བསྡུས་གླིང་ཆེ་གྲས་གཏོད་པ་དང་། རྒྱལ་རྩེ་རྫོང་ལྟེ་བའི་ཁུལ་གྱིས་རོང་གཞུང་དམར་པོའི་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་བཏོད་དེ་ལྗང་མདོག་སྤུས་ལེགས་ཀྱི་ཤིང་འབྲས་སྔོ་ཚལ་དང་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་བཏང་ནས། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། གླིང་ཁུལ་དེས་རིམ་རྩིས་བྱས་ན་སྣ་ཁ་གསར་པ་དང་ལག་རྩལ་གསར་པ་ཁག་71ནང་འདྲེན་དང་། གླིང་ཁུལ་དུ་བཅའ་སྡོད་ཁེ་ལས་24ཟིན་པ། 2022ལོར་མ་དངུལ་སྒོར་དུང་ཕྱུར་1.84འཇོག་པ། ཐོན་སྐྱེད་རིན་ཐང་སྒོར་ཁྲི་8763.61ཟིན་པ། མི་གྲངས་615ལས་ཞུགས་བརྟན་པོ་ཡོང་བར་སྐུལ་ཁྲིད། ཡོང་འབབ་དམའ་བའི་མི་འབོར་1069ལ་སྐུལ་ཁྲིད། སློབ་ཆེན་སློབ་མ་97ལས་ཞུགས་ཐུབ་པ། མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང་ཡོད།
གཞི་རིམ་གྱི་ཚན་རྩལ་ཤེས་ལྡན་མི་སྣའི་མ་ལག་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་བཏང་བ།
རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ཤེས་ལྡན་མི་སྣ་གཤམ་སྐྱོད་དང་། ཚན་རྩལ་གཤམ་སྤེལ། “ཞིང་གསུམ”ལ་ཞབས་འདེགས་ཞུ་བ་བཅས་མཐའ་འཁྱོངས་ཀྱིས“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་པ་དང་། ཚན་རྩལ་ཆེད་མངགས་པ། སློབ་ཆེན་སློབ་མའི་གྲོང་ཚོའི(གྲོང་ལྷན)ཚན་རྩལ་ཆེད་སྒྲུབ་མི་སྣ་བཅས་དཔུང་ཁག་གསུམ་ལ་སྤྱི་འདོམས་བྱས་ཏེ། ཚན་རྩལ་མི་སྣ་གཞི་རིམ་དུ་བསྐྱོད་དེ་ཞབས་འདེགས་ཞུ་བའི་ལས་དོན་གཏིང་ཟབ་སྤེལ་བ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ལག་རྩལ་མཛུབ་ཁྲིད་དང་། ཚན་རྩལ་གྲུབ་འབྲས་ཕྱོགས་སྒྱུར་གཞན་སྒྱུར་ལ་སྐུལ་འདེད། ཞིང་འབྲོག་མང་ཚོགས་ཀྱི་ལག་རྩལ་རྩལ་ནུས་གསོ་སྦྱོང་བཅས་བྱས་ཡོད། དཔུང་ཁག་གསུམ་པོ་དེ་དག་ནི་ཏང་གི“ཞིང་གསུམ”སྲིད་ཇུས་དྲིལ་བསྒྲགས་རུ་ཁག་དང་། ཞིང་ལས་ཚན་རྩལ་ཁྱབ་སྤེལ་བ། ཚན་རྩལ་གསར་གཏོད་ལས་གཏོད་ཀྱི་སྣེ་ཁྲིད་པ། གྲོང་གསེབ་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་སུ་གྱུར་ཡོད།
རོགས་སྐྱོར་བྱ་ཡུལ་གྱི་ཐོན་ལས་གོང་འཕེལ་དང་ཚན་རྩལ་ཞབས་ཞུའི་དགོས་མཁོར་དམིགས་ཏེ། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ཞིང་ལས་དང་གྲོང་གསེབ་ཐིང་དང་། ནགས་ཚལ་དང་རྩྭ་ཐང་ཅུས། ཞིང་ལས་ཚན་རིག་ཁང་། བོད་ལྗོངས་ཞིང་འབྲོག་སློབ་གླིང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་། ཀྲུང་གོ་ཚན་རིག་ཁང་ས་གཤིས་སུའོ། ལྗོངས་ཚན་རྩལ་མཐུན་ཚོགས་བཅས་དང་དེ་བཞིན་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཚན་པ་21གི་ཚན་ཞིབ་པ་སྤྱི་འདོམས་ཀྱིས་ལོ་འཁོར་དུ“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་པ་1000ཡན་འདེམས་གཏོང་བྱས་ཏེ། “རྫོང་རེར་ཚོགས་པ་རེ”དང“ཐོན་ལས་རེར་ཚོགས་པ་རེའི”འདེམས་གཏོང་བྱ་ཐབས་སྤྱད་དེ“ཚན་རྩལ་ཆེད་མངགས་ཚོགས་པ”100ཡན་གྲུབ་པ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་རྫོང(ཆུས)74ལ་ཁྱབ་ཡོད། དེ་དང་ཆབས་ཅིག ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ལག་ལེན་གཏིང་ཟབ་བསྟར་ནས། ལོ་འཁོར་དུ་ཚན་རྩལ་ཆེད་མངགས་པ་10657བདམས་ཞུ་བྱས་ཏེ། རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་རེར་ཚན་རྩལ་ཆེད་མངགས་པ་2སྔོན་ལ་ཁྱབ་པ་བྱས་ཡོད། གྲོང་ཚོའི(གྲོང་ལྷན)ཚན་རྩལ་ཆེད་སྒྲུབ་མི་སྣ་སློབ་ཆེན་སློབ་མ་3416བསྡུས་ནས་གྲོང་གསེབ་དར་རྒྱས་ཀྱི་གཞི་རིམ་ཚན་རྩལ་ཞབས་ཞུའི་སྟོབས་ཤུགས་ཆེ་རུ་བཏང་ཡོད།