དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དུས་ཚིགས་དང་པོར་མངའ་རིས་ཀྱི་ཡུལ་སྐོར་དཔལ་འབྱོར་ལ་གྲུབ་འབྲས་བཟང་པོ་ཐོབ་པ།

    དུས་མཚུངས་ལས་48.03%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-07

    འདི་ལོའི་དུས་ཚིགས་དང་པོར་མངའ་རིས་ས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་14.52ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་48.03%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1.08བྱུང་བ་དེ་དུས་མཚུངས་ལས་52.26%འཕར་ནས་ཡུལ་སྐོར་དཔལ་འབྱོར་ལ་འགོ་ཚུགས་མ་ཐག་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཅུས་ཀྱིས་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་པ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་གནམ་རུ་གྲོང་ཚོ་དང་། རྒྱ་སྨུག་གྲོང་ཚོ། དབུས་བྱང་གྲོང་ཚོ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་རྟེན་གཞི་5ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། མངའ་རིས་ས་ཁུལ་གྱི་གནའ་བོའི་ཞང་ཞུང་གི་ཡུལ་སྐོར་རིག་གནས་ཀྱི་ནང་སྐོར་ལམ་ཐིག་རྩེ་གྲ་དང་ཡག་ར་ཤང་ཡུལ་སྐོར་སྐོར་ལམ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་སྐོར་ལམ་2བཏོད་པ་དང་འབྲེལ། འདི་ལོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་ཁྲོད་ནས་གྲོན་དངུལ་སྒོར་ཁྲི་100གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པར་སྤྱད་ཡོད། དེ་དང་ཆབས་ཅིག ཞིང་འབྲོག་མང་ཚོགས་ལ་དམངས་སྲོལ་གནས་ཚང་དང་། ཟ་ཁང་། ཡུལ་སྐོར་སྣེ་ཤན་པ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་གཉེར་བར་སྐུལ་མ་བཏང་ནས་མང་ཚོགས་དེ་བས་མང་བར“ཡུལ་སྐོར་ལ་བརྟེན་ནས་འབབ་འཕར་ཡོང་བར”སྐུལ་ཁྲིད་བྱས་ཡོད། མིག་སྔའི་བར། 2022ལོའི་ཡུལ་སྐོར་དང་། གསང་སྤྱོད། སྐྱེ་ཁམས་བཅས་གསུམ་གྱི་ལས་གནས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་12.6སྤྲད་པས་མང་ཚོགས་36ལ་ཕན་པ་ཐོབ་ཡོད། དུས་ཚིགས་དང་པོར། ཞིང་འབྲོག་པས་གནས་ཚང་གཡར་བ་དང་། བཟའ་བཏུང་དང་ཡུལ་སྐོར་ཐོན་རྫས་འཚོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ཡོང་འབབ་སྒོར་ཁྲི་216.57བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།