དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཡུལ་ཟོག་ཐོན་ཁུངས་འབེལ་ལྷུག་ལྷུག དྲ་ཐོག་ཚོང་ལམ་ཆུ་རྒྱུག་རྒྱུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-07

    ཆ་འཕྲིན་ཅན་གྱི་དུས་རབས་སུ་སླེབས་པ་དང་བསྟུན་ནས་ད་ཆ་མི་མང་ཆེ་བའི་ངོས་ནས་བརྗོད་ན། དྲ་རྒྱའི་ཐད་གཏོང་ཁང་བརྒྱུད་ནས་ཡོང་འབབ་གསོག་པ་ནི་དར་སོ་ཞིག་ཏུ་གྱུར། ཉེ་བའི་ལོ་ཤས་རིང་། ན་གཞོན་མང་པོ་ཞིག་གིས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་ཁྲོད་དུ། ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་། དྲ་རྒྱའི་ཐད་གཏོང་བ་མང་པོས་དྲ་ཐོག་གི་ཐད་གཏོང་བརྒྱུད་དེ་ཞིང་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་རྫས་མང་པོ་ལྗོངས་ཕྱི་ནང་དུ་འཚོང་བའི་ལམ་གསར་པ་ཞིག་བཏོད་ནས། ཞིང་འབྲོག་མང་ཚོགས་མང་པོའི་འབབ་འཕར་ཕྱུག་འགྱུར་ལ་རོགས་རམ་དང་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་དང་སྣོན་མུས་ལགས།

    འདི་ནི་ཚེ་རིང་ཆོས་སྒྲོན་གྱིས་དྲོད་ཁང་དུ་ཤིས་ཀྭ་སྐྱེ་ཚུལ་ལ་ལྟ་བཞིན་པ།

    འདི་ནི་སྟག་རྩེ་ཆུས་གསེར་སྙེ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྔོ་ཚལ་རྟེན་གཞི་ཡིན་པ།

    ཚེ་རིང་ཆོས་སྒྲོན།

    ཚང་མ་ཕྱུག་པོ་ཆགས་ན་ད་གཟོད་དོན་དམ་པའི་ཕྱུག་པོ་རེད།

    གླ་པ་ཞིག་ནས་ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་ཏུ་གྱུར་པའི་བར་དང་། གང་ཡང་མི་ཤེས་པའི་གྲོང་གསེབ་ཀྱི་བུད་མེད་དཀྱུས་མ་ཞིག་ནས་ཀུང་སིའི་ལས་འཛིན་དཔོན་དུ་གྱུར་པའི་བར། གཞན་གྱི་སྔོན་ལ་ཕྱུག་པོའི་ལམ་དུ་བསྐྱོད་པ་ནས་མི་དེ་བས་མང་བ་ཕྱུག་པོའི་ལམ་དུ་སྐྱོད་པར་སྐུལ་ཁྲིད་བྱེད་པའི་བར། ཚེ་རིང་ཆོས་སྒྲོན་གྱིས་འབད་འཐབ་ཀྱི་ལམ་དུ་གོམ་པ་རེ་རེར་རྐང་རྗེས་རེ་རེ་བཞག་ཡོད།

    ཚེ་རིང་ཆོས་སྒྲོན་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཐང་དཀར་ཤང་ནས་ཡིན་ཞིང་། 2003ལོ་ནས་2015ལོའི་བར་གྱི་ལོ་12རིང་། ཁོང་གིས་ཞབས་ཞུ་མ་དང་སྒེར་གཉེར་ཚོང་དུད་སོགས་ཀྱི་ལས་ཀ་བྱེད་མྱོང་ལ། ཉིང་ཁྲི་དང་ནག་ཆུ་སོགས་སུའང་ལས་ཀ་འཚོལ་བར་འགྲོ་མྱོང་ཡོད།

    2015ལོར། ཚེ་རིང་ཆོས་སྒྲོན་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་འགོ་ཚུགས་ཤིང་། ལས་གཏོད་ཀྱི་ཉམས་མྱོང་གསག་ཆེད། ཚེ་རིང་ཆོས་སྒྲོན་དང་བཟའ་ཟླ་ཀའོ་ཡུང་ཆན་གྱིས་ནང་སར་བསྐྱོད་ནས་སྔོན་ཐོན་འདེབས་རྩལ་དང་དོ་དམ་བྱེད་སྟངས་ལ་ལྟ་སྐོར་དང་སློབ་སྦྱོང་བྱས་པ་མ་ཟད། ཕ་ཡུལ་དུ་བརྟག་ཞིབ་གཏིང་ཟབ་བྱས་ནས་ཕ་ཡུལ་གྱི་པང་དུ་ལས་གཏོད་ཀྱི་ས་བོན་བཏབ།

    གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། 2016ལོའི་ཟླ་3པར། སྟག་རྩེ་ཆུས་ཀྱི་གསེར་གྱི་སྙེ་མ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི(གཤམ་དུ་གསེར་གྱི་སྙེ་མ་ཞེས་བསྡུ་རྒྱུ)བཙུགས་ཤིང་། ཚེ་རིང་ཆོས་སྒྲོན་གྱིས་ཀུང་སིའི་ལས་འཛིན་དཔོན་གྱི་འགན་ཁུར་བ་དང་། ལོ་དེའི་ཟླ་12པར། སྟག་རྩེ་ཆུས་གསེར་གྱི་སྙེ་མ་ཞིང་ལས་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ཁོང་གིས་མཉམ་ལས་ཁང་གི་ཁྲིམས་མིའི་འགན་བླངས།

    སྔོ་ཚལ་དང་གཟན་རྩྭ་འདེབས་པ་དང་། ཐོག་མའི་ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་དེང་རབས་ཅན་གྱི་ཞིང་ལས་འདེབས་འཛུགས་ཁེ་ལས་ཤིག་གི་ངོས་ནས། ཀུང་སི་བཙུགས་མ་ཐག་ཚེ་རིང་ཆོས་སྒྲོན་གྱིས་ས་གནས་དེ་གའི་ཞིང་ལས་འདེབས་འཛུགས་ཐོན་ལས་ཀྱི་གྲུབ་ཆ་འཚོལ་ཞིབ་དང་ལེགས་སུ་གཏོང་བ་དང་། ས་ཞིང་གི་སྤྱོད་རྒྱ་ཆེ་རུ་གཏོང་བ། སྔོ་ཚལ་གྱི་སྣ་ཁ་མང་དུ་གཏོང་བ་བཅས་བྱས་ནས། འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་དམིགས་ཚད་གཏན་འཁེལ་བྱས་པ་རེད།

    མི་ལ་བརྩོན་འགྲུས་ལྡན་གྱུར་ན། མི་འགྲུབ་བྱ་བ་ཅི་ཡང་མེད། གསེར་གྱི་སྙེ་མའི་ཀུང་སི་བཙུགས་ནས་ལོ་གཉིས་སོང་རིང་། སྔར་ཡོད་ཀྱི་སྤྱི་གནོད་མེད་པའི་དྲོད་ཁང་དང་སྔོ་ཚལ་དྲོད་ཁང་ཆེན་པོ་20ཡི་རྨང་གཞིའི་ཐོག ཚེ་རིང་ཆོས་སྒྲོན་གྱིས་ཐང་དཀར་ཤང་ཆུ་མདའ་གྲོང་ཚོར་སྤྱི་གནོད་མེད་པའི་སྔོ་ཚལ་དྲོད་ཁང་60དང་སྔོ་ཚལ་དྲོད་ཁང་ཚད་ལྡན་ཆེན་པོ་10གསར་པ་བསྐྲུན་པ་རེད།

    ལོ་ཁ་ཤས་རིང་གཉེར་སྐྱོང་དང་འཕེལ་རྒྱས་བཏང་བ་བརྒྱུད། ཀུང་སིར་ཁྱོན་ཞིང་འཕྲུལ་སྒྲིག་ཆས་68ཡོད་པ་དང་། བརྒྱུད་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་གྱི་ལམ་ནས་ལས་གཉེར་བྱེད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། ཐོན་རྫས་གཙོ་བོར་གཟན་རྩྭ་དང་། ནས། སྔོ་ཚལ་བཅས་ཡོད་ཅིང་ལྷ་ས་དང་ཉེ་འཁོར་གྱི་ཁྲོམ་རར་འཚོང་བཞིན་ཡོད་པར་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད། དེ་དང་ཆབས་ཅིག་གསེར་གྱི་སྙེ་མ་ཀུང་སིས་ད་དུང་ཀྲུང་གོ་ཚན་རིག་ཁང་དང་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་སོགས་ཚན་ཞིབ་ཁང་དང་མཉམ་ལས་བྱས་ནས། ས་གནས་དེ་གར་འདེབས་པར་འཚམ་པའི་སོན་བཟང་ཁག་ལ་ཞིབ་འཇུག་གསར་སྤེལ་དང་། སྔོན་ཐོན་གྱི་འདེབས་རྩལ་ནང་འདྲེན་བྱས་པ་བརྒྱུད། ས་མཐོར་ཐོན་འབབ་ལེགས་པའི་མ་རྨོས་ལོ་ཏོག་འདེབས་རྩལ་གྱི་སྒྲིག་སྲོལ་ཆ་ཚང་ཞིག་ལེགས་སྒྲིག་བྱས་པ་མ་ཟད། ཀུང་སིའི་མདུན་ལམ་ཡང་ཧ་ཅང་ཡག་པར་བརྟེན་ཀུང་སིར་ལས་ཀར་འགྲོ་མཁན་ཡུལ་མི་ཇེ་མང་དུ་ཕྱིན་ཡོད།

    ཚང་མ་ཕྱུག་པོ་ཆགས་ན་ད་གཟོད་དོན་དམ་པའི་ཕྱུག་པོ་ཡིན་པ་དང་། ཚང་མ་ཡག་པོ་བྱུང་ཚེ་ད་གཟོད་དོན་དམ་པའི་ཡག་པོ་རེད། ཚེ་རིང་ཆོས་སྒྲོན་གྱིས་ཡུལ་མི་ཚོའི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་མ་ཟད། ད་དུང་ལས་མིར་རྩལ་ནུས་བསླབས་ནས་མང་ཚོགས་མཉམ་དུ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད། མིག་སྔར་གསེར་གྱི་སྙེ་མ་ཀུང་སིར་ལག་རྩལ་བ་11ཡོད་པ་དང་། ས་གནས་དེ་གའི་ལག་རྩལ་རྐང་འཛིན་པ་28དང་གཞི་རིམ་གྱི་ལས་བཟོ་བ་60གསོ་སྐྱོང་བྱས་པ། རིམ་རྩིས་བྱས་ན་སློབ་གྲྭ་ཆེ་མོ་བ་13གདན་དྲངས་པ། ཞིང་འབྲོག་པ་དུད་ཚང་424ལ་འབབ་འཕར་ཕྱུག་འགྱུར་ཡོང་ཐབས་བྱས་པར་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.9བྱུང་ཡོད། ཀུང་སི་བཙུགས་ཚུན་ས་ཞིང་མུའུ་4300ལྷག་ཙམ་ནང་བཤུག་བཏང་བ་དང་། འགྱིག་ཤོག་དྲོད་ཁང་སྟར་པ་90བསྐྲུན་པ། ས་ཞིང་ནང་བཤུག་བཏང་བའི་ཡོང་འབབ་སོགས་ཁྱོན་སྒོར་ཁྲི་1529སྤྲད་ཡོད་པ་རེད།

    ལང་ཚོ་ཆུད་ཟོས་སུ་མི་གཏོང་བར་ལག་ལེན་དངོས་ལ་བརྟེན་ནས་ཕུགས་བསམ་མངོན་འགྱུར་བྱེད། ལོ་མང་རིང་འབད་འཐབ་བྱས་པ་བརྒྱུད། ཚེ་རིང་ཆོས་སྒྲོན་ལ་སྔ་རྗེས་སུ“ལྷ་ས་གྲོང་ཁྱེར་གྱི་ཕུལ་བྱུང་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ”དང་། “ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གཞོན་ནུ་ཕྱུག་འགྱུར་སྣེ་ཁྲིད་པ” “བོད་རང་སྐྱོང་ལྗོངས་ཀྱི་གཞི་རིམ་གྱི་ཚན་རིག་ཁྱབ་གདལ་བྱ་སྤྱོད་འཆར་གཞིའི་སྣེ་ཁྲིད་པ” “ལྷ་ས་གྲོང་ཁྱེར་གྱི་ཕྱུག་འགྱུར་སྣེ་ཁྲིད་སྔོན་ཐོན་མི་སྒེར”སོགས་མི་སྒེར་གྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད། འདས་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་ཚེ་རིང་ཆོས་སྒྲོན་ལ་དགའ་སྐྱོ་ཅིག་ཅར་གྱི་སྣང་བ་བྱུང་མྱོང་ལ་བློས་གཏོང་གི་བསམ་བློའང་ཐེངས་མང་འཁོར་མྱོང་། ཁོང་གིས། དཀའ་ངལ་མང་པོ་ཞིག་ལས་རྣམ་པར་རྒྱལ་རྗེས། ད་ཆ་ངས་ཀུང་སིའི་འབྱུང་འགྱུར་ལ་ཡིད་ཆེས་ཆེན་པོ་ཡོད། ངས་མུ་མཐུད་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡིན”ཞེས་བརྗོད།

    འདི་ནི་ཨ་ཅག་དབང་མོས་དྲ་ཐོག་ཏུ་ཤིས་ཀྭ་འཚོང་བཞིན་པ།

    ཨ་ཅག་དབང་མོ།

    “ཞིང་ལས་གསར་པ”ཡག་པོ་གཉེར་ནས་ ཐོན་རྫས་སྤུས་དག་འོས་སྦྱོར་བྱེད།

    “དེ་རིང་མི་སེར་ལ་ཚལ་འཚོང་རོགས་བྱེད་པར་ཡོང་བ་ཡིན། ཉིན་དགུང་ཁོ་ཚོས་ང་ལ་ཉིན་འདི་དག་ཚ་བ་ཆེན་པོ་འདུག ཆར་པའང་བབས་མ་བྱུང་ཞེས་སྐད་རྒྱག་གི་འདུག འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ང་གྲོང་ཁྱེར་དུ་ལོག་པའི་ལམ་བར་དུ་ཆར་པ་ཆེན་པོ་བབས་པས་སྐྱིད་པོ་ཞེ་དྲག་བྱུང”ཞེས་ཐད་གཏོང་ཟོག་ཚོང་གི་ལས་ལ་གཞོལ་བའི་ཨ་ཅག་དབང་མོས་དགའ་སྤྲོའི་ངང་བཤད།

    ཨ་ཅག་དབང་མོའི་མིང་ངོ་མར་པད་མ་དབང་མོ་ཟེར་ཞིང་ཕ་ཡུལ་སི་ཁྲོན་དར་རྩེ་མདོ་ནས་རེད། ཁྱིམ་ཚང་གི་འབྱོར་འཁོས་ཞན་པའི་དབང་གིས་སློབ་ཆེན་གྱི་ལོ་རིམ་གསུམ་པའི་སྐབས་སློབ་མཚམས་བཞག་ནས་ལྷ་སར་ཡོང་།

    ལྷ་སར་སླེབས་རྗེས་ཨ་ཅག་དབང་མོས་སྔ་རྗེས་སུ་ཟ་ཁང་གི་ཞབས་ཞུ་མ་དང་གསོལ་མགྲོན་ཁང་གི་གད་མ་སོགས་ཀྱི་ལས་ཀ་སྣ་ཚོགས་བྱས། སློབ་གྲོགས་ཀྱི་འོས་སྦྱོར་ལ་བརྟེན་ནས་ཨ་ཅག་དབང་མོས་ཟོག་ཚོང་གཙོ་སྐྱོང་བ་ཞིག་བྱས། ཁོང་གིས་འཛུམ་དམུལ་དམུལ་ངང་། ཐོག་མར་ཐད་གཏོང་ཟོག་ཚོང་བྱེད་སྐབས་ལམ་ལྷོངས་དེ་ཙམ་མ་བྱུང་། ཐད་གཏོང་ཁང་དུ་མི་མང་པོ་མེད་དུས་ལམ་བུ་དེ་བདམས་པར་འགྱོད་པ་སྐྱེ་མྱོང་། སྟབས་ལེགས་ནས་རྒྱུན་འཁྱོངས་ཐུབ་སོང་ཞེས་བརྗོད།

    ཞུམ་མེད་ཀྱི་ངར་ཤུགས་དང་། ལྷག་བསམ་ཟོལ་མེད་ཀྱིས་མང་ཚོགས་དང་འབྲེལ་འདྲིས། བློ་ཁོག་ཆེན་པོ་དང་སྤྲོ་སྣང་དོད་པའི་གཤིས་ཀ་དང་དེ་བཞིན་རང་ཉིད་ཀྱིས་ཚོང་ཟོག་འདེམས་པ་དང་། ངོ་སྤྲོད། ཟོག་སྐྱེལ། ཚོང་གཉེར་སོགས་ཀྱི་གོ་རིམ་དུ་ཞུགས་པའི་རྣམ་འགྱུར་ནན་ཏན་ཡིན་སྟབས། ཨ་ཅག་དབང་མོའི་མིང་གྲགས་རིམ་གྱིས་ཇེ་ཆེར་སོང་སྟེ། ལོ་གཉིས་ཀྱང་མ་འགོར་བར་ཁོང་ནི་ལྷ་སར་སྐད་གྲགས་ངེས་ཅན་ཡོད་པའི་ཟོག་ཚོང་གཙོ་སྐྱོང་བ་ཞིག་ཏུ་གྱུར་པ་མ་ཟད། རང་ཉིད་ཀྱི་ཚོགས་པ་ཆུང་ཆུང་ཞིག་ཀྱང་བཙུགས་པ་རེད།

    བོད་ལྗོངས་འགྲེམས་ཚོགས་སྐབས་དང་པོར་ཞུགས་སྐབས། ཨ་ཅག་དབང་མོར་ཞིང་ལས་ཐོན་རྫས་དང་། མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས། མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་སོགས་ཚུད་པའི་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཁག་གཅིག་ཉོ་ཚོང་བྱེད་སྐལ་རག་ཡོད། དེའི་རྐྱེན་གྱིས་ཁོང་གིས་ཐད་གཏོང་ཟོག་ཚོང་སྐབས་ཀྱི་ཐོན་རྫས་ཀྱང་ཞིང་ལས་ཐོན་རྫས་ལ་གཏན་འཁེལ་བྱས་ཤིང་། དེ་ནི་ཁོང་བོད་ལྗོངས་ཡོངས་སུ་སྐོར་བ་བརྒྱབ་རྗེས་བོད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལ་མི་མང་པོ་ཞིག་གིས་དགའ་པོ་བྱེད་ངེས་ཡིན་པར་ཡིད་ཆེས་བྱུང་བ་ཞིག་ཀྱང་རེད། ཁོང་གིས་བལྟས་ན་ཞིང་འབྲོག་ཁྱིམ་ཚང་གི་བུ་ཕྲུག་ཅིག་གི་ངོས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་དུ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་བའི་འགན་འཁྲི་ཡོད།

    ཨ་ཅག་དབང་མོས་མཉམ་ལས་ཁང་ཁག་ཏུ་བསྐྱོད་དེ་ཐད་གཏོང་བྱས་པ་བརྒྱུད། ཞིང་ཁུལ་གྱི་ཁྱད་ལྡན་ཐོན་རྫས་མང་པོ་ལྗོངས་ཕྱི་ནང་དུ་བཙོངས་ཐུབ་སྟབས། ཁོང་ཡང་རིམ་གྱིས“ཞིང་གསུམ”གྱི་ཐད་གཏོང་བ་ཞིག་ཏུ་གྱུར།

    2022ལོར་ཨ་ཅག་དབང་མོས་ཞིང་སྐྱོར་ཐད་གཏོང་ཟོག་ཚོང་བརྒྱུད། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་མང་ཚོགས་ལ་སུར་པན་གྱི་ཐོན་རྫས་འཚོང་རོགས་བྱས་པར། རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་118ལྷག་ཙམ་བྱུང་ཡོད། སྣང་རྫོང་སྣང་གྲོང་རྡལ་ཐོགས་མེད་གྲོང་ཚོར་འཚོགས་པའི་ཞིང་སྐྱོར་ཐད་གཏོང་གི་མ་དངུལ་སྤྲོད་པའི་མཛད་སྒོ་ཁག་གསུམ་པར་ཨ་ཅག་དབང་མོས་དུང་དཀར་གྲོང་རྡལ་དང་། སྣང་གྲོང་རྡལ། ནོར་གོང་མཉམ་ལས་ཁང་། དྭགས་པོ་གླིང་མཉམ་ལས་ཁང་། དེ་བཞིན་སྣང་རྫོང་གི་གྲོང་གསེབ་འཛུགས་སྐྲུན་ཚད་ཡོད་ཀུང་སིར་སུར་པན་སོགས་བཙོངས་པའི་ཞིང་སྐྱོར་ཡོང་འབབ་སྒོར་ཁྲི་62ལྷག་ཙམ་སྤྲད་ཡོད་པ་རེད།

    སྣང་གྲོང་རྡལ་ཐོགས་མེད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས་གསར་འགོད་པར། དེ་ནི་ཨ་ཅག་དབང་མོས་ཐད་གཏོང་ཟོག་ཚོང་གི་རྣམ་པ་སྤྱད་དེ། ང་ཚོར་སྣང་རྫོང་གི་སུར་པན་འཚོང་རོགས་བྱེད་ཐེངས་གསུམ་པ་ཡིན་པ་མ་ཟད། དངུལ་ཡང་དུས་ཐོག་ཏུ་སྤྲད་པས་ཚང་མའི་སེམས་ལ་དགའ་ཚོར་ཆེན་པོ་བྱུང་ཡོད། ངས་འདི་གར་གྲོང་མིའི་ཚབ་ཞུས་ནས་ཨ་ཅག་དབང་མོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་ཞེས་བརྗོད།

    ད་ཆ་ཁ་པར་ཞིང་ཁ་དང་མུ་ཁའི“ཞིང་ལས་ཡོ་ཆས་གསར་པར”གྱུར་ཏེ། ཐད་གཏོང་ཡང“ཞིང་ལས་གསར་པ”ཞིག་ཏུ་གྱུར་པས། ཨ་ཅག་དབང་མོའི་ཐད་གཏོང་ཁང་ལ“ས་མཐོའི་ཚོང་ཁང་ཆུང་ངུ”ཞེས་བརྗོད་ཀྱི་ཡོད། ཨ་ཅག་དབང་མོས། ཐད་གཏོང་ཁང་གི་མིང་དང་འདྲ་བར་ཚོང་ཁང་ཆུང་ཆུང་དེ་སྒོ་རྩིས་ཚོང་ཁང་ཆེན་པོ་ཞིག་མིན་མོད། འོན་ཀྱང་དེ་གར་ང་ཚོའི་ཤང་ཚང་མའི་ཐོན་རྫས་ཡོད། ཕྱིས་འབྱུང་བོད་ཀྱི་ཤང་དང་གྲོང་རྡལ་ཚང་མས་དྲ་ཐོག་གི་ཚོང་ཁང་ཆུང་ཆུང་རེ་བཙུགས་ཏེ། ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བརྗོད།

    ཨ་ཅག་དབང་མོས་འཛུམ་དམུལ་དམུལ་ངང་གསར་འགོད་པར། འདི་ལོ་ང་ཚོས་ཀོང་པོ་རྒྱ་མདའ་རྫོང་དུ་བསྐྱོད་ནས་བོད་ཕག་འཚོང་རྩིས་ཡོད། སྣང་རྫོང་གི་སུར་པན་ཡང་མུ་མཐུད་འཚོང་བའི་ཐད་ལ་གྲོས་བྱེད་བཞིན་ཡོད། ད་དུང་སྟག་རྩེའི་ཞིང་དུད་ཀྱི་སྒོ་ང་བསྡུས་ནས་གཅིག་གྱུར་འཚོང་རྩིས་ཡོད་ཅེས་བརྗོད།

    འདི་ནི་སྟག་རྩེ་ཆུས་གསེར་སྙེ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལས་མིས་སྔོ་ཚལ་དབྱེ་བ་འབྱེད་བཞིན་པ།

    དབང་འདུས་རྒྱལ་པོ།

    ཕུགས་འདུན་ཡིད་ལ་བཅངས། འབད་འབུངས་ལས་ལ་བརྩོན།

    ཉེ་བའི་ལོ་ཤས་རིང་། ཐད་གཏོང་ལས་སྟེགས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་བསྟུན་ནས། ན་གཞོན་མང་པོ་ཞིག་ཐད་གཏོང་ཟོག་ཚོང་ལས་རིགས་ལ་ཞུགས་ནས་ཕ་ཡུལ་གྱི་ཁྱད་ལྡན་ཐོན་རྫས་བཙོངས་ཏེ་རང་ཉིད་ཀྱི་ལས་གཏོད་ཕུགས་བསམ་མངོན་འགྱུར་བྱེད་བཞིན་ཡོད་ཅིང་། གཞིས་རྩེ་གྲོང་ཁྱེར་གྱི་དབང་འདུས་རྒྱལ་པོའང་དྲ་ཐོག་ཚོང་གཉེར་གྱི་ལས་ལ་བྱང་པའི་གཞོན་ནུ་ཞིག་རེད།

    དབང་འདུས་རྒྱལ་པོ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་པ་དང་། སློབ་གྲྭ་འགྲིམ་སྐབས་ཁྱིམ་ཚང་གི་འབྱོར་འཁོས་ཞན་པའི་དབང་གིས་ཞོར་ལས་མི་ཉུང་བ་ཞིག་བྱེད་དགོས་བྱུང་། དབང་འདུས་རྒྱལ་པོས། ངས་མངགས་སྐྱེལ་བ་བྱེད་མྱོང་ལ་ཚོང་ཁང་ཆུང་ཆུང་ཞིག་ཀྱང་འཛུགས་མྱོང་། དཀའ་ལས་ཁག་པོ་ཡོད་པ་སྨོས་མེད་རེད། འོན་ཀྱང་སྦྱོང་བརྡར་བྱེད་རིང་རིམ་གྱིས་རང་རྐྱ་འཕེར་ནས། འབྱུང་འགྱུར་གྱི་ཁ་ཕྱོགས་དམིགས་ཚད་ཀྱང་ཇེ་གསལ་དུ་ཕྱིན་སོང་ཞེས་བརྗོད།

    2020ལོར་སློབ་ཆེན་ནས་ཐོན་རྗེས། དབང་འདུས་རྒྱལ་པོས་གཞུང་ལས་པའི་ཡིག་རྒྱུགས་ལ་ཞུགས་མེད་ལ། ཁེ་ལས་སོགས་སུའང་ལས་ཀར་མ་ཕྱིན་པར། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ཏེ་དྲ་ཐོག་ཚོང་ཁང་གཉེར་བའི་ལམ་བུ་བདམས་པ་དང་། ཁྱུག་དབྱིངས་ཀྱི་ཐད་གཏོང་ཁང་ནས་ཞོ་དང་། ཚགས་ཤ་སྐམ་པོ། རྩམ་པ། རྒྱན་ཆ་སོགས་བོད་ཀྱི་ཁྱད་ལྡན་ཐོན་རྫས་འཚོང་བར་འབད། ལས་ཀ་དེ་ཡག་པོ་གཉེར་ཆེད། ད་དུང་པར་རྒྱག་པ་དང་། ཡུལ་ཟོག་ངོ་སྤྲོད། དྲ་ཐོག་ཚོང་ཁང་གཉེར་སྐྱོང་བྱེད་པའི་ལག་རྩལ་སོགས་སྦྱངས། དབང་འདུས་རྒྱལ་པོས་ཡིད་ཆེས་ཆེན་པོས། དྲ་ཐོག་ཚོང་ཁང་གཉེར་ན་ཚོང་ལམ་ཡག་པོ་ཡོད་ཅེས་བརྗོད།

    ཐད་གཏོང་ཐེངས་དང་པོ་ལེགས་གྲུབ་ཡོང་ཆེད། ཁོང་གིས་ཆེད་མངགས་གཞན་གྱི་བརྙན་ཐུང་བཙལ་ནས་སྐད་ཆ་ཤོད་སྟངས་དང་ཅ་ལག་འཚོང་སྟངས་སྦྱངས་པ་མ་ཟད། གཞན་གྱི་ལེགས་ཆ་རེ་རེ་བཞིན་སེམས་ལ་བརྟན་པོར་ངེས་པར་བྱས། དབང་འདུས་རྒྱལ་པོས། གྲ་སྒྲིག་ཨང་གསར་བྱས་ཀྱང་། ཐོག་མར་ཐད་གཏོང་བྱེད་སྐབས་དངངས་སྐྲག་ལངས་ནས་སྐད་ཆ་ཤོད་ཐུབ་ཀྱི་མི་འདུག་ཅེས་བརྗོད།

    ཐད་གཏོང་ཐོག་མར་བྱེད་སྐབས་འདོད་ཐོག་ལ་རྟ་རྒྱུག་པ་ལྟ་བུ་ཞིག་མ་བྱུང་མོད། འོན་ཀྱང་ཁོང་གིས་ཡི་ཐང་ཆད་ནས་མ་བསྡད་པར། ཐད་གཏོང་ལ་ལྟ་མཁན་མང་དུ་འགྲོ་ཆེད་དང་ཕན་གཟིགས་དེ་བས་མང་པོའི་ཡིད་དབང་འགུག་ཆེད། ཁོང་གིས་ལས་ཞོར་དུ་བརྙན་ཐུང་བཟོས་པ་མ་ཟད། བརྙན་ལམ་ནས་བཙོང་བྱའི་དངོས་ཟོག་ཚང་མ་བོད་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་། རྒྱུན་གཏན་གྱི་འཚོ་བར་མཁོ་བ་ཤ་སྟག་བདམས།

    ཉེ་བའི་ལོ་གཉིས་རིང་དབང་འདུས་རྒྱལ་པོའི་ཐད་གཏོང་ལ་ཕན་གཟིགས་ཁྲི་2ལྷག་ཙམ་ཟིན་པ་དང་། ཐོན་རྫས་ཀྱི་གོང་ཚད་དང་ཇི་ལྟར་ཉོ་མིན་སོགས་སྐད་ཆ་འདྲི་མཁན་ཡང་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད། དབང་འདུས་རྒྱལ་པོས་དགའ་ཚོར་ཆེན་པོས། བྲིན་ཁ་རྒྱུག་པའི་སྐབས་སུ་ཉིན་གཅིག་ལ་ཐོན་རྫས་བཙོངས་པའི་ཡོང་འབབ་སྒོར་ཁྲི་ཟིན་གྱི་འདུག་ཅེས་བརྗོད།

    ད་ཆ་དབང་འདུས་རྒྱལ་པོར་རང་བློར་བབས་པའི་ལས་ཀ་ཡོད་ལ། མཐའ་འཁོར་གྱི་མང་ཚོགས་མང་པོའི་ལས་ཞུགས་ལའང་སྣེ་ཁྲིད་ཐུབ་པ་དང་། ལོ་གཅིག་གི་ཐད་གཏོང་ཡོང་འབབ་ཀྱང་སྒོར་ཁྲི་ལྔ་བཅུ་དྲུག་ཅུ་ཟིན་གྱི་ཡོད། བྲིན་ཁ་རྒྱུག་པའི་སྐབས་སུ་ཁོང་གིས་ད་དུང་ཉིན་གླ་སྒོར་ལྔ་བརྒྱ་སྤྲད་དེ། ཉེ་འཁོར་གྱི་མང་ཚོགས་གསུམ་ནས་ལྔ་ཙམ་ཐུམ་སྒྲིལ་རྒྱག་པར་གླ་ཡི་ཡོད། ཁོང་གིས་གསར་འགོད་པར། ངའི་དམིགས་ཡུལ་ནི་ཐད་གཏོང་བྱེད་པ་ཁོ་ན་མིན་པར། བྲིན་ཚོང་གི་ལས་སྟེགས་བསྐྲུན་ནས་བོད་ཀྱི་ཁྱད་ལྡན་ཡུལ་ཟོག་ཁྱབ་གདལ་གཏོང་བ་དང་། མང་ཚོགས་དེ་བས་མང་བ་ལས་ཞུགས་ཐུབ་པར་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་རང་གི་སྟོབས་ཤུགས་སྐྱེས་སུ་འབུལ་ཆེད་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།