དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱིས“སྐལ་བཟང་མེ་ཏོག་གི་བྱ་སྤྱོད”འཆར་གཞིའི་ཁེ་ལས་དང་འབྲེལ་བ་ཡོད་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་པ།

    2027ལོར་སླེབས་སྐབས་ལྗོངས་ཡོངས་སུ་ཁྲོམ་འགྲེམས་ཀུང་སི་40ཙམ་ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-07-07

    ཉེ་ཆར། རང་སྐྱོང་ལྗོངས་ཁེ་ལས་ཁྲོམ་འགྲེམས་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཁྲོམ་འགྲེམས་དང་དེ་བཞིན་འབྲེལ་ཡོད་སྐྱེད་སྲིང་ཞབས་ཞུའི་སྲིད་ཇུས་ཕྱོགས་སྡོམ་དང་གསེད་བཀྲོལ་བྱས་ནས《བོད་རང་སྐྱོང་ལྗོངས་ཀྱི“སྐལ་བཟང་མེ་ཏོག་གི་བྱ་སྤྱོད”འཆར་གཞིའི་ཁེ་ལས་དང་འབྲེལ་བ་ཡོད་པའི་གཟིགས་སྐྱོང་སྲིད་ཇུས》(གཤམ་དུ《སྲིད་ཇུས》ཞེས་བསྡུ་རྒྱུ)སྤྱི་འདོམས་ལེགས་སྒྲིག་བྱས་ནས་བཀྲམ་པ་དེ་ཁེ་ལས་ཁྲོམ་འགྲེམས་དང་། དངུལ་རྩའི་རྒྱབ་སྐྱོར། ཁྲལ་བསྡུའི་གཟིགས་སྐྱོང་། ཐོན་ལས་རོགས་སྐྱོར། ས་ཞིང་ཁེ་བཤུག ལས་ཞུགས་ལས་གཏོད་ཀྱི་ཁ་གསབ། དེ་མིན་ཕྱོགས་7ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་71བཅས་དང་འབྲེལ་བ་ཡོད་ཅིང་། དེའི་དམིགས་ཡུལ་ནི་རང་ལྗོངས་ཀྱི་ཁེ་ལས་དེ་བས་མང་བར་ཁྲོམ་འགྲེམས་ཀྱི་སྒོ་བྱང་བཀལ་ནས་བོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“སྣེ་ཁྲིད་མཁན”དེ་བས་མང་བ་གསོ་སྐྱོང་བྱ་ཆེད་ཡིན་པ་རེད།

    《སྲིད་ཇུས》ནང་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་གི་རིགས་དབྱེ་རྣམ་པའི་ཚད་གཞིའི་གཏན་འབེབས་དང་མཐུན་པའི་ཁེ་ལས་འབྲིང་ཆུང་ནི་རང་སྐྱོང་ལྗོངས་ཀྱི“ཐོན་ལས་རིགས་བརྒྱད”ཀྱི་ཁྱབ་ཁོངས་ཁེ་ལས་ཡིན་ཞིང་། ཁེ་ལས་ཀྱི་རང་གྲབས་མ་དངུལ་སྤྱད་དེ(སྲིད་གཞུང་གི་མ་འཇོག་ཚུད་མེད)བོད(བོད་དང་མཚོ་སྔོན་གྱི་བཟོ་ལས་གླིང་ཚུད)དུ་གསར་སྐྲུན་དང་། རྒྱས་སྐྲུན། ལག་རྩལ་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བཅས་བྱས་ཏེ་རྣམ་གྲངས་ལག་བསྟར་ཟིན་པ་དང་འབྲེལ་ཞིབ་དཔྱད་དང་ཞིབ་བཤེར་རྩིས་ལེན་ཐོབ་རྗེས་ཁེ་ལས་ཀྱི་མ་འཇོག་གཞི་ཁྱོན་གཞིར་བཟུང་ཐེངས་གཅིག་ལ་བྱ་དགའ་སྤྲོད་རྒྱུ་དང་བྱ་དགའ་མཐོ་ཤོས་སྒོར་ཁྲི་500ལས་མི་བརྒལ་བ་བྱ་རྒྱུ་དང་། ཁྲལ་བསྡུའི་ལེགས་སྐྱེས་མངོན་གསལ་དོད་པ་དང་། ལས་ཞུགས་ཀྱི་གཞི་ཁྱོན་ཅུང་ཆེ་བ། ཐོན་ཚོང་བྱེད་ཚད་20%ཡན་བར་འཕར་བའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་སོགས་ལ་སྤྲོད་ཐེངས་གཅིག་ལ་བྱ་དགའ་སྤྲོད་རྒྱུ་དང་བྱ་དགའ་མཐོ་ཤོས་སྒོར་ཁྲི་350ལས་མི་བརྒལ་བ་བྱ་རྒྱུ་རེད།

    《སྲིད་ཇུས》བཀྲམ་རྗེས་འབྲེལ་ཡོད་སྡེ་ཚན་གྱིས་སྲིད་ཇུས་དྲིལ་བསྒྲགས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ཁེ་ལས་དེ་བས་མང་བ་ཁྲོམ་འགྲེམས་ཀྱི་ལམ་བུའི་ཐོག་ཡག་པོ་སྐྱོད་ཆེད་རྨང་གཞི་ལེགས་པོ་འདིང་བ་དང་། ཐབས་ལམ་ཤར་བགྲོད་ཐུབ་པ། འགོག་རྐྱེན་སེལ་བ་བཅས་བྱས་ནས་ཁེ་ལས་བོད་དུ་ཁྲོམ་འགྲེམས་བྱེད་སྐབས་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་དང་། ཐོན་ལས་ཀྱི་རོགས་སྐྱོར་ཤུགས་ཆེན། དེ་བཞིན་ནོར་ཁྲལ་གྱི་བྱ་དགའ་དང་ཁ་གསབ་འབོར་ཆེན་གྱི་རྒྱབ་སྐྱོར་བཅས་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་གིས་རང་ལྗོངས་ཀྱི་ཁེ་ལས་ཁྲོམ་འགྲེམས་བྱ་རྒྱུར་སྲིད་ཇུས་ཀྱི་རོགས་སྐྱོར་བྱས་པ་བརྒྱུད་འདི་ལོ་རང་སྐྱོང་ལྗོངས་ཀྱིས་ཁེ་ལས་ཁྲོམ་འགྲེམས་ལ་སྐུལ་འདེད་གཏོང་བའི“སྐལ་བཟང་མེ་ཏོག་གི་བྱ་སྤྱོད”འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་པ་དེ་ནི་བོད་ཀྱི་མ་རྩའི་ཁྲོམ་རའི་འཕེལ་རྒྱས་ལོ་རྒྱུས་ཐོག་ཚད་གཞི་མཐོ་བ་དང་། བརྒྱུད་རིམ་ལྡན་པ། ཆེད་ལས་རང་བཞིན་ལྡན་པ་བཅས་ཀྱི་བྱ་སྤྱོད་འཆར་གཞི་ཐོག་མ་དེ་ཡིན་པ་རེད། 2027ལོར་སླེབས་སྐབས་ལྗོངས་ཡོངས་སུ་ཁྲོམ་འགྲེམས་ཀུང་སི་40ཙམ་ཟིན་པ་བྱ་རྒྱུ་དང་། ཁྲོམ་འགྲེམས་ཁེ་ལས་ཀྱི་གྲངས་འབོར་ལྡབ་གཅིག་འཕར་བ་བྱ་རྒྱུ། ཁྲོམ་རའི་རིན་ཐང་སྒོར་དུང་ཕྱུར་100ཡན་གྱི་ཁྲོམ་འགྲེམས་ཀུང་སི་15ཙམ་སྐྱེད་སྲིང་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།