ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས།
2023ལོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་ཐེངས་བཞི་པ་འཚོགས་པ།
ཉེ་ཆར་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་2023ལོའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རིག་གཞུང་པུའི་ཨུ་ཡོན་མཐའ་མཚམས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཤིང་ཀོང་ཁྲེང་ཆེད་མངགས་གདན་འདྲེན་ཞུས་ཏེ《ཀྲུང་ཧྭའི་ཤེས་དཔལ་གྱི་མངོན་གསལ་དོད་པའི་ཁྱད་ཆོས་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང》ཞེས་འགོ་བརྗོད་དུ་འཁོད་པའི་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་བྱས་པ་དང་། དྲ་ཐོག་དང་དྲ་ཕྱིའི་ལྗོངས་ཐད་གཏོགས་དྲིལ་བསྒྲགས་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་ཏང་ཡོན་དང་ལས་བྱེད་པ་800ལྷག་ཙམ་སློབ་སྦྱོང་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”རང་རྟོགས་ངང་ཐུབ་པ་བྱས་ནས་རིག་གནས་ཀྱི་རང་རྟོགས་དང་རིག་གནས་ཀྱི་གདེང་ཚོད་ཆེ་རུ་བཏང་སྟེ་དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་གསར་པ་དེ་བས་ལེགས་པའི་ངང་འཁུར་དགོས། རིག་གནས་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། བཀོད་སྒྲིག་གསར་པ། བླང་བྱ་གསར་པ་བཅས་ལ་ངོས་འཛིན་གཏིང་ཟབ་དང་སྟངས་འཛིན་ཐུབ་པ་བྱས་ཏེ་རིག་གནས་ལ་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བའི་དམིགས་ཚད་ལ་དམིགས་པ་དང་། རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོང་། ཁྱབ་སྤེལ། གོང་འཕེལ་སོགས་ཀྱི་ལས་དོན་ཡག་པོ་སྤེལ་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་རང་ལྗོངས་ཀྱི་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།