དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་ངོ་སྟོང་གི་མཉམ་འདྲེས་བརྒྱུད་ནས་མ་འོངས་ཕྱོགས་སུ་སྐྱོད།

    —— ས་མཐོའི་གནའ་གྲོང་ལྷ་སའི་རིག་གནས་ཀྱི་གདེང་ཚོད་གསེད་བཀྲོལ་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-07-04

    འདི་ནི་ལྷ་སའི་མཛེས་ལྗོངས་ཡིན་པ།

    གྲོང་ཁྱེར་ཆགས་ནས་ལོ་ངོ་1400ཙམ་སོང་བའི་ས་མཐོའི་གནའ་གྲོང་ལྷ་ས་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་དབང་གིས་ཐུན་མོང་མ་ཡིན་པའི་རིག་གནས་ཟབ་མོ་གྲུབ་པ་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་དབང་གིས་ཁོང་ཡངས་དང་གདེང་ཚོད་ཀྱི་ཉམས་བཟང་མངོན་ཞིང་། སྒོ་དབྱེ་གསར་གཏོད་བྱས་པའི་དབང་གིས་རྒྱུན་རིང་གསར་རྐྱང་གི་གསོན་ཤུགས་འཕེལ་ཡོད་པ་རེད།

    ཁྲོམ་གཞུང་གཅིག་ནས་གནའ་དེང་གཉིས་ཀྱི་ལེགས་ཆ་མཉམ་འདྲེས་བྱུང་བ།

    བར་སྐོར་དུ་སྐྱོད་སྐབས། ལྷ་སའི་ལོ་ངོ་སྟོང་གི་ལོ་རྒྱུས་མཛེས་རིས་ནང་སླེབས་ཐུབ་པ་སྟེ། བར་སྐོར་དུ་བོད་རིགས་ཀྱིས་གཙོས་པའི་རྒྱ་རིགས་དང་། ཧུད་རིགས། མོན་པ་སོགས་མི་རིགས་20ལྷག་ཙམ་གྱི་མང་ཚོགས་ཀྱིས་འཚོ་བ་བསྐྱལ་ནས་བསྡད་ཡོད་པ་དང་། གསང་བྲང་ལྟ་བུའི་ཁྲོམ་གཞུང་35ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་ཅིང་ཚོང་ཁང4000ལྷག་ཙམ་གྱིས་ཉིན་ལྟར་ཡུལ་སྐོར་བ་མང་པོ་བསུས་ནས་ཅ་དངོས་ཉོ་ཚོང་ལ་བྲེལ་བཞིན་མཆིས།

    2021ལོའི་ཟླ་7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་འབྲེལ་བརྟག་ཞིབ་གནང་སྐབས། ཞབས་ཐང་མར་ཕེབས་ནས་ལྷ་སའི་བར་སྐོར་གྱི་ཉམས་འགྱུར་ལ་གཟིགས་ཞིབ་གནང་བ་མ་ཟད། ཁྱད་ལྡན་ཚོང་ཟོག་ཚོང་ཁང་དུ་ཕེབས་ནས་ཡུལ་སྐོར་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་དང་བོད་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་སྐོར་བཀའ་འདྲི་ཡང་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས“ལོ་ངོ་སྟོང་གི་བར་སྐོར་ནི་ང་ཚོའི་མི་རིགས་ཁག་གིས་བསྐྲུན་པའི་བར་སྐོར་རེད། མི་རིགས་ཁག་གི་རིག་གནས་འདི་གར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱས་ནས་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་འདི་གར་དགའ་བདེའི་དཔལ་ལ་རོལ་རྒྱུ་བྱུང་བ་རེད”ཅེས་གསུངས།

    བར་སྐོར་དང་བར་ཐག་ཁྲོམ་གཞུང་ཁ་ཤས་ཙམ་ལས་མེད་པའི་བོད་ལྗོངས་རྟེན་མཛོད་ཁང་གསར་པ་དེ་2022ལོའི་ཟླ་7པར་དངོས་སུ་ཕྱི་ཕྱོགས་སུ་སྒོ་ཕྱེ་ཞིང་། བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་སྤྱི་པའི་རིག་གནས་དམངས་ཕན་འདུ་འགོད་གལ་ཆེན་དེར་རྒྱལ་ཁབ་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་6.6བཏང་བ་རེད།

    བོད་ལྗོངས་རྟེན་མཛོད་ཁང་གསར་པའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་6.5ཟིན་པ་དང་ཉར་ཚགས་དངོས་པོ་ཁྲི་52ལྷག་ཙམ་ཡོད་པའི་ནང་རྩ་ཆེའི་རིག་དངོས་ཁྲི་4ལྷག་ཙམ་ཡོད་ཅིང་། དེ་ནི་བོད་ཀྱི་བསྟན་བཅོས་དང་། འགྲེམས་སྟོན། ཞིབ་འཇུག སློབ་གསོ། ཞབས་ཞུ་སོགས་ཀྱི་ནུས་པ། གཅིག་ཏུ་འདུས་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དེང་རབས་ཅན་གྱི་ཕྱོགས་བསྡུས་རྟེན་མཛོད་ཁང་འབའ་ཞིག་དེ་རེད།

    དེང་རབས་རྟེན་མཛོད་ཁང་དང་ཕན་ཚུན་མཐུན་སྦྱོར་བྱེད་པའི་གྲོང་ཁྱེར་གྱི“རིག་གནས་མཛེས་ལྗོངས”གཞན་ཞིག་ས་འོག་ཏུ་ཡོད་ལ་དེ་གར་ཆ་འཕྲིན་ཕུན་སུམ་ཚོགས་པོ་ཡོད་པ་རེད།

    ད་ཕན་ལོ་3200ནས་3400ལྷག་ཙམ་ཟིན་པའི་ལྷ་སའི་ཆུ་གོང་གནའ་ཤུལ་ནས་གནའ་རྫས་རྟོག་ཞིབ་བྱས་ཏེ་རིག་གནས་ཤུལ་བཞག་འབོར་ཆེན་དང་དེ་བཞིན་ད་ཕན་བོད་ཀྱི་ལོ་རབས་སྔ་ཤོས་ཀྱི་ལྕགས་རིགས་ཡོ་བྱད་སྔོག་འདོན་བྱས་ཏེ་ཐོན་ཡོད། ཉེ་བའི་ལོ་ཤས་རིང་། རྩི་ཤིང་གནའ་རྫས་རྟོག་ཞིབ་རིག་པ་བརྒྱུད་གནའ་ཤུལ་ནས་ཐོན་པའི་གྲོ་དང་། ནས། ཁྲེ་སོགས་ལ་དབྱེ་ཞིབ་བྱས་ཏེ་ཡི་གེ་མ་བྱུང་གོང་གི་དུས་སྐབས་སུ་ཡུལ་ལུང་འདི་ཨེ་ཤེ་ཡ་དབུས་མ་དང་། ཨེ་ཤེ་ཡ་ཤར་མ། ཨེ་ཤེ་ཡ་ལྷོ་མ་བཅས་དང་སྤེལ་རེས་རྒྱ་ཁྱབ་བྱུང་བ་ར་སྤྲོད་ཐུབ་ཡོད།

    ལོ་རྒྱུས་རིང་ལ་རིག་གནས་ཀྱི་འོད་སྟོང་འཕྲོ་བའི་ལྷ་སར་རི་བོ་ཆེན་པོ་དང་ས་མཐོ་སྒྲོལ་བ་ལྟ་བུའི་བློ་རྒྱ་ལྡན་ཡོད་པ་རེད།

    “ཞྭ་མོ་དཀར་པོའི་ཚོང་ཁང”ནི་བར་སྐོར་དུ་སྐད་གྲགས་ཆོད་པའི“ལོ་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པའི་ཚོང་ཁང”ཞིག་ཡིན་ལ། གཙོ་བོ་བལ་ཡུལ་ནས་བཟོས་པའི་གསེར་ཟངས་ཀྱི་སྐུ་བརྙན་འཚོང་གི་ཡོད་པ་དང་། བོད་རིགས་ཀྱི་བཟོ་སྐྲུན་ཁྱད་ཆོས་དང་བལ་པོའི་ཉམས་འགྱུར་ཟབ་མོ་ལྡན་པས་ཡུལ་སྐོར་བའི་ཡིད་དབང་འཕྲོག་བཞིན་ཡོད་པ་རེད།

    “ལོ་བརྒྱ་ལྷག་ཙམ་རིང་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བ་རྒྱུན་བསྐྱངས་པའི་དབང་གིས‘ཞྭ་མོ་དཀར་པོ’ལ་འདི་གར་ཐོན་པའི་ཕན་འབྲས་ཆེ་ཤོས་ནི་མཛའ་མཐུན་རེད”ཅེས་ད་ལྟའི་ཁྱིམ་རྒྱུད་ཀྱི་རྒྱུན་འཛིན་པ་རེ་ཐེ་ན་ཀུ་མ·ཐུ་ལ་ཏ་ཧ་ཡིས་བརྗོད།

    ཕོ་བྲང་ཞིག་གིས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་རིག་གནས་དང་ཉམས་བཟང་རྒྱུན་འཛིན་བྱས་པ།

    ལྷ་སའི་དམར་པོ་རིའི་རྩེར་བརྗིད་ཆགས་ངང་གནས་པའི་ཕོ་བྲང་པོ་ཏ་ལ་ནི་ལྷ་ས་གྲོང་ཁྱེར་གྱི་མཚོན་རྟགས་གྲགས་ཅན་ཞིག་ཡིན་པ་མ་ཟད། རང་རྒྱལ་གྱི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཁག་དང་པོའི་གྲས་ཤིག་ཀྱང་ཡིན་པ་རེད།

    ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོའི་དུས་རབས་བདུན་པར་བསྐྲུན་འགོ་ཚུགས་ཤིང་། དེའི་དམིགས་བསལ་གྱི་བཟོ་བཀོད་དང་རིག་དངོས་རྩ་ཆེན་མང་པོར་བརྟེན་ནས“བོད་མི་རིགས་ཀྱི་ལོ་རྒྱུས་དང་། རིག་གནས། སྒྱུ་རྩལ་བཅས་ཀྱི་བང་མཛོད”ཅེས་པའི་མཚན་སྙན་ཡོད་པ་རེད།

    དུས་ཡུན་རིང་པོའི་ནང་ཏང་དང་སྲིད་གཞུང་གིས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད།

    1989ལོའི་ཟླ་10པར། ཕོ་བྲང་པོ་ཏ་ལར་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ཉམས་གསོ་ཐེངས་ཤིག་བྱས་པ་དང་1994ལོར་ལས་གྲྭ་ལེགས་གྲུབ་བྱུང་ནས་ཞིབ་བཤེར་རྩིས་ལེན་བྱས་ཡོད། ལོ་དེ་རང་དུ་ཕོ་བྲང་པོ་ཏ་ལ་ཉིད་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས《འཛམ་གླིང་གི་ཤུལ་བཞག་མིང་གཞུང》ནང་བཅུག་ཡོད། དེ་རྗེས་རྒྱལ་ཁབ་ཀྱིས་སླར་ཡང་མ་དངུལ་འབོར་ཆེན་བཏང་ནས་ཕོ་བྲང་པོ་ཏ་ལར་གཞི་ཁྱོན་ཆེན་པོའི་ཉམས་གསོ་ཐེངས་གཉིས་བྱས་པ་རེད།

    2018ལོའི་ལོ་མཇུག་ཏུ། རྒྱལ་ཁབ་ཀྱིས་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་3བཏང་ནས་དུས་ཡུན་ལོ་10ཡི་རིང་ཕོ་བྲང་པོ་ཏ་ལའི་དཔེ་རྙིང་ཚད་ལྡན་ཡིག་ཆ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་འདུ་འགོད་ལག་བསྟར་བྱས་པ་རེད། “འདུ་འགོད་དེའི་ནང་དེང་རབས་ཚན་རྩལ་དང་གནའ་བོའི་ཚད་ལྡན་ཡིག་ཆ་སྲུང་སྐྱོང་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ་རྩ་ཆེའི་དཔེ་རྙིང་ཚད་ལྡན་ཡིག་ཆ་སྔར་བས་མང་བར་སྲུང་སྐྱོང་ཐུབ་ཡོད”ཅེས་ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་རིག་དངོས་སྲུང་སྐྱོང་ཁོའོ་ཡི་ཁོའོ་ཀྲང་སྤེན་པ་བློ་བཟང་གིས་བཤད།

    ལྷ་སའི་ནོར་བུ་གླིང་ཁ་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་དང་འཛམ་གླིང་གི་རིག་གནས་ཤུལ་བཞག་ཡིན་པ་དང་། དེའི་ནང་ཤིང་ཏ་ལའི་ལོ་མའི་དཔེ་ཆ་ཚུད་པའི་རྩ་ཆེའི་དཔེ་རྙིང་ཚད་ལྡན་ཡིག་ཆ་འབོར་ཆེན་ཉར་ཚགས་བྱས་ཡོད་ཅིང་། གནས་འདི་ནི“བོད་ཀྱི་བཟོ་བོ”འགྱུར་མེད་ཚུལ་ཁྲིམས་ཀྱིས་སེམས་པ་རྩེ་གཅིག་ཏུ་ལྟ་སྲུང་བྱ་ཡུལ་ཞིག་ཡིན། 2006ལོ་ནས་འགོ་བཙུགས་ཏེ་ལེགས་སྦྱར་སྐད་ལ་བྱང་ཆུབ་ཅིང་དཔེ་རྙིང་ཉམས་གསོའི་ལག་རྩལ་ལྡན་པའི་བོད་རིགས་རིག་དངོས་སྲུང་སྐྱོང་ལས་དོན་པ་ཁོང་གིས་སེམས་ནུས་ཡོད་རྒུ་བཏོན་ནས་བོད་ཀྱི་ཤིང་ཏ་ལའི་ལོ་མའི་དཔེ་ཆ་འཚོལ་བསྡུ་དང་ཉམས་གསོ་སྲུང་སྐྱོང་གི་ལས་དོན་ལ་གཞོལ་བ་དང་། “སྔར་ཡོད་ཇི་བཞིན་ཉམས་གསོའི”ལག་རྩལ་ཁྱད་འཕགས་ལ་བརྟེན་ནས་དཔེ་རྙིང་སྲུང་སྐྱོང་གི་ལས་ལ་མུ་མཐུད་གཞོལ་ཡོད།

    ལོ་འདི་དག་ནང་ནོར་བུ་གླིང་ཁ་དོ་དམ་ཁྲུའུ་དཔེ་རྙིང་ཡོངས་བཤེར་ཚོགས་པའི་ཁོངས་མི་ཡིན་པའི་འགྱུར་མེད་ཚུལ་ཁྲིམས་ཀྱིས་སླར་ཡང་བོད་ཀྱི་དཔེ་རྙིང་ཡོངས་བཤེར་ཐོ་འགོད་ལས་དོན་ལ་ཧུར་ཐག་ཞུགས་ཤིང་། ད་ཆ་ཁོང་གནས་སའི་ཚོགས་པས་ནོར་བུ་གླིང་ཁའི་བམ་པོ་1800ལྷག་ཙམ་དང་གནའ་བོའི་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་ཁྲི་29ལྷག་ཙམ་ལ་ཡོངས་བཤེར་དང་ཡིག་ཚགས་བཟོ་བའི་ལས་དོན་ལེགས་སྒྲུབ་བྱས་པ་རེད།

    “མེས་པོས་བློ་གྲོས་དང་། ལས་བརྩོན། དཀའ་སྤྱད་འབད་འཐབ་བཅས་ལ་བརྟེན་ནས་ཉར་ཚགས་བྱས་པའི་རིག་དངོས་དག་དེང་རབས་ཀྱི་ཤེས་དཔལ་སྤྱི་ཚོགས་སུ་རྒྱུན་འཛིན་དང་། སྲུང་སྐྱོང་། དར་སྤེལ་བཅས་གཏོང་དགོས”ཞེས་འགྱུར་མེད་ཚུལ་ཁྲིམས་ཀྱིས་བརྗོད།

    ཟློས་གར་ཞིག་ལས་དུས་རབས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ལྷག་པར་མངོན་པ།

    དངོས་ལྗོངས་ཟློས་གར《འུན་ཤིང་ཀོང་ཇོ》ཞེས་པ་དེ་དེང་རབས་ཀྱི་གླུ་གར་སྒྱུ་རྩལ་གྱི་རྣམ་པ་ནས་འུན་ཤིང་ཀོང་ཇོ་དང་སྲོང་བཙན་སྒམ་པོ་རྣམ་གཉིས་མཛའ་གཅུགས་གཉེན་སྒྲིག་བྱས་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་བཀོད་ཡོད། ཐང་རྒྱལ་རབས་ཀྱི་ཅིང་ཅུས་ཟློས་གར་དང་ལྷ་མོ་མཉམ་འདྲེས་དང་། གར་སྟེགས་ཀྱི་སྒྱུ་རྩལ་དང་རང་བྱུང་རི་ཀླུང་གཅིག་འབྲེལ། ལོ་རྒྱུས་ཀྱི་མི་སྣ་དང་མཛེས་སྡུག་ལྡན་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བཅས་ལས་བོད་ཀྱི་རིག་གནས་མི་འདྲ་བ་མྱོང་ཚོར་ཐུབ་ཀྱི་ཡོད། 2013ལོ་ནས་འཁྲབ་སྟོན་བྱེད་འགོ་ཚུགས་ཚུན་རིམ་རྩིས་བྱས་ན་འཁྲབ་སྟོན་ཐེངས་1600ལྷག་ཙམ་བྱས་པར་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་15ལྷག་ཙམ་ཟིན་ནས། ལྷ་སའི་ཡུལ་སྐོར་གྱི་མིང་བྱང་ཞིག་ཏུ་གྱུར་ཡོད།

    རིག་གནས་བླ་སྲོག་ཏུ་བྱེད་པ་དང་། ཡུལ་སྐོར་གཞི་རྟེན་དུ་བྱེད་པ། གསོན་ཉམས་རྒྱུན་འཛིན་བྱེད་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་པ་སོགས། ལྷ་ས་གྲོང་ཁྱེར་གྱིས་རིག་གནས་ཀྱི་ལས་རྣམ་གསར་གཏོད་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད།

    ལོ་དེ་དག་རིང་བོད་ཀྱིས་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་ཆེ་གྲས་བརྒྱད་ཀྱི་གར་སྟེགས་གྲངས་འཛིན་ཅན་གྱི་འདུ་འགོད་ལེགས་སྒྲུབ་བྱས་པ་དང་། གར་སྟེགས་ཟློས་གར་གྱི་ལྷ་མོ《འུན་ཤིང་ཀོང་ཇོ》དང་། བོད་ཀྱི་ལོ་ཆུང་བྱིས་པའི་གར་སྟེགས་ཟློས་གར་ཐོག་མ《དོན་ཡོད་དོན་གྲུབ》ས་མཐོ་ཙམ་མ་ཟད། ཐ་ན་རྒྱལ་ཡོངས་སུའང་འཁྲབ་སྟོན་བྱས་པ་དང་། ལོ་ལྟར་དབྱར་དུས་ཀྱི་ལྷ་སའི་ཞོ་སྟོན་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་རིག་རྩལ་སྐོང་འཁྲབ་དང་། ལུས་རྩལ་རྩལ་འགྲན། ཚོང་དོན་ངོ་འཕྲད་གྲོས་མོལ། ཡུལ་སྐོར་སྤྲོ་གསེང་བཅས་གཞི་གཅིག་ཅན་དང་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་རིག་གནས་དང་ཡུལ་སྐོར་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་འཕེལ་རྒྱས་ཕྱིན་ཡོད་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་རིག་གནས་འཕེལ་རྒྱས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་མི་རིགས་ཁག་གི་མང་ཚོགས་རིག་གནས་ལ་ཞུགས་པའི་ཚོར་སྣང་དང་། ཐོབ་སྣང་། བདེ་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། འདི་ལོའི་ཟླ་5པར་ཀྲུང་གོའི་མཛེས་སྡུག་ལྡན་པའི་འཚོ་བའི་གྲོང་ཁྱེར་གྱི་ཡོངས་བསྒྲགས་མཛད་སྒོའི་ཐོག་ལྷ་སར་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་བསྡུས་བློ་ཡིད་ཚིམ་ཚད་མངོན་གསལ་དོད་དུ་ཕྱིན་པས“ཡུལ་སྐོར་གྱི་ཡིད་སྨོན་གྲོང་ཁྱེར”ཆེན་པོ་བཅུའི་གྲས་སུ་ཚུད་ཡོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།