ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གསའ་ཡི་གྲངས་འབོར་100ལྷག་ཙམ་ཟིན་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང“ཇོ་མོ་གླང་མའི་གསའ་སྲུང་སྐྱོང་འཆར་གཞིའི”རྣམ་གྲངས་ཀྱིས་ཇོ་མོ་གླང་མའི་ཁུལ་གྱི་གསའ་གནས་ཡུལ་ལ་ལྟ་ཞིབ་ཚད་ལེན་དང་ཁྱུ་ཚོགས་ལ་བརྟག་ཞིབ་རྒྱུན་མཐུད་བྱས་ནས་རིམ་རྩིས་བྱས་ན་ལྟ་ཞིབ་ཚད་ལེན་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་3000ལྷག་ཙམ་ཟིན་པ་དང་། ཚོད་དཔག་རགས་ཙམ་བྱས་པར་གཞིགས་ན་ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གསའ་ཡི་གྲངས་འབོར་བརྒྱ་ལྷག་ཙམ་ཟིན་ཡོད་པ་རེད།
ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་ནི་འཛམ་གླིང་གི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། གསའ་ནི་ཇོ་མོ་གླང་མའི་ཁུལ་གྱི་སྲོག་ཆགས་གཙོ་བོ་ཞིག་ཡིན་པས“ས་བབ་མཐོ་བའི་སྐྱེ་ཁམས་མ་ལག་སྐྱོན་བྲལ་ཡིན་མིན་བརྟག་ཆས”ཞེས་བརྗོད་ཀྱི་ཡོད། གསའ་ནི་རྒྱུན་དུ་མིའི་རིགས་ཀྱིས་ཤུགས་རྐྱེན་ཉུང་བའི་ས་བབ་མཐོ་ཚད་སྨི་2500ནས་5000བར་གྱི་རི་ཁུལ་དུ་འཚོ་གནས་བྱེད་ཀྱི་ཡོད་པ་དང་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ཡི་གྲང་ངར་བཟོད་ཐུབ་ཀྱི་ཡོད། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་ཀྱི་གཅན་གཟན་ཤིག་རེད།
དུས་རབས་20པར་ལྐོག་རྔོན་རྒྱག་མཁན་མང་བའི་དུས་སྐབས་སུ་གསའ་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་གྲས་སུ་བཅུག་ཡོད། གསའ་ལ་སྲུང་སྐྱོང་བྱ་ཆེད། 2013ལོར་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་དང་ཁེ་གཉེར་རང་བཞིན་མིན་པའི་རྩ་འཛུགས་ཀྱིས“ཇོ་མོ་གླང་མའི་གསའ་སྲུང་སྐྱོང་འཆར་གཞི”ཐུན་མོང་ཐོག་བཏོན་པ་རེད། 2017ལོར། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པས་གསའ་གཙོ་གནད་དུ་ཞིབ་འཇུག་བྱེད་པའི་ས་མཐོའི་སྲོག་ཆགས་ལ་བརྩིས་ནས་དམར་ཕྱིའི་པར་ཆས་དང་སྲུང་སྐར་གནས་བརྟག་མ་ལག་སོགས་ལག་རྩལ་གསར་པ་རྒྱ་ཁྱབ་སྤྱད་དེ་གསའ་ཡི་ཁྱུ་ཚོགས་ཀྱི་གཞི་ཁྱོན་དང་། འཚོ་གནས་ཁྱབ་ཁོངས། འཚོ་བའི་གོམས་གཤིས་བཅས་ལ་ཞིབ་འཇུག་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་གྱི་གསའ་ཡི་གྲངས་འབོར་མང་དུ་ཕྱིན་པར་བརྟེན། ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དིང་རི་དོ་དམ་ཡན་ལག་ཅུས་ཇོ་མོ་གླང་མའི་སྒར་ས་ཆེན་པོའི་དོ་དམ་ས་ཚིགས་ཀྱི་ཀྲེན་ཀྲང་ལྷག་པ་ཚེ་རིང་ཧ་ཅང་དགའ་པོ་བྱུང་ཡོད། ལྷག་པ་ཚེ་རིང་གིས་ལོ་10ལྷག་ཙམ་གོང་ཇོ་མོ་གླང་མའི་སྒར་ས་ཆེན་པོར་གསའ་ཐེངས་གཅིག་མཐོང་མྱོང་བ་དང་ལོ་འདི་དག་རིང་སྲུང་སྐྱོང་ཁུལ་དུ་བཙུགས་པའི་དམར་ཕྱིའི་པར་ཆས་ལ་བརྟེན་ནས་སླར་ཡང་ཐེངས་ཁ་ཤས་མཐོང་མྱོང་ཡོད་པ་རེད།
ཇོ་མོ་གླང་མའི་གསའ་སྲུང་སྐྱོང་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཀུང་ཙེ་ལིང་གིས། གསའ་ཡི་སྲུང་སྐྱོང་ཕན་འབྲས་དེ་ས་མཐོའི་རི་ཁུལ་གྱི་སྐྱེ་ཁམས་མ་ལག་གི་བརྟན་པོའི་རང་བཞིན་དང་འཐུས་ཚང་རང་བཞིན་དང་ཐད་ཀར་འབྲེལ་བ་ཡོད། “ཇོ་མོ་གླང་མའི་གསའ་སྲུང་སྐྱོང་འཆར་གཞི”བརྒྱུད་ཁོ་ཚོས་ཇོ་མོ་གླང་མའི་གསའ་ཡི་ཁྱུ་ཚོགས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་གི་མ་དཔེ་འཚོལ་ཞིབ་རགས་ཙམ་ཐུབ་ནས་དངོས་རིགས་ལྟ་ཞིབ་ཚད་ལེན་གྱི་ཚད་གཞིའི་མ་ལག་བཙུགས་ཡོད། ཕྱིས་སུ་ཁོ་ཚོས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཇོ་མོ་གླང་མའི་ས་ཁུལ་དུ་སྐོར་གཡེང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་གི་ཡིན་པས། གསའ་སྲུང་སྐྱོང་སྔར་བས་གནད་སྨིན་ཅན་དུ་འགྱུར་ངེས་རེད་ཅེས་ངོ་སྤྲོད་བྱས་པ་རེད།