ལྕགས་ལམ་བདག་སྐྱོང་གི་བཟོ་པ། ལྷ་ཉིང་ལྕགས་ལམ་གྱི“སྲུང་མ”
ཞོགས་པའི་ཆུ་ཚོད་5པའི་སྐབས་སུ་ནམ་ལངས་མེད་ཀྱང་། ལྷ་ས་མེ་འཁོར་བབས་ཚུགས་སུ་ཁ་བཀག་པའི་བདག་སྐྱོང་མེ་འཁོར་སྔོན་པོ་ཞིག་ནང་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད། ཆུ་ཚོད་གཉིས་སོང་རྗེས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ཟི་ལིང་ལས་དོན་འཕྲུལ་ཆས་དུམ་བུའི་བདག་སྐྱོང་བཟོ་པ་4“Bསྒྲ་རླབས་སྨན་པ”དང“ལྕགས་ལམ་སྨན་པ”ཞེས་འབོད་པའི་བདག་སྐྱོང་མེ་འཁོར་ལ་བསྡད་དེ་སྤྱི་ལེ་200ཡི་བར་ཐག་ཆོད་པའི་རྒྱ་ཚ་མེ་འཁོར་བབས་ཚུགས་ཀྱི་ཕྱོགས་སུ་བསྐྱོད་དེ་ལྷ་ཉིང་ལྕགས་ལམ་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱ་རྒྱུ་རེད།
ས་བབ་ཁོར་ཡུག་དང་། རང་བྱུང་གནམ་གཤིས། འགྲོ་འོང་འཁོར་རིགས་བཅས་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ལྕགས་ལམ་ལ་སྐྱོན་ཆག་སྣ་ཚོགས་འབྱུང་སླ་པོ་ཡོད། འོན་ཀྱང་ལྕགས་ལམ་བདག་སྐྱོང་བཟོ་པས་སྐྱོན་ཆག་ཤོར་བའི་ཞིབ་བཤེར་དང་བཟོ་བཅོས་བརྒྱབ་ནས་ལྕགས་ལམ་སྐྱེལ་འདྲེན་བདེ་འཇགས་ངང་ཐོན་སྐྱེད་ཐུབ་པའི་འགན་ལེན་ནུས་ལྡན་བྱེད་ཀྱི་ཡོད། བདག་སྐྱོང་མེ་འཁོར་སྔོན་པོའི་ཆེད་ལས་མིང་ལ་GTC-80རྟགས་ཅན་གྱི་ལྕགས་ལམ་བདག་སྐྱོང་མེ་འཁོར་ཞེས་བརྗོད་ཀྱི་ཡོད། དེས་མྱུར་ཚད་80km/hཡི་འཁོར་སྐྱོད་ཆ་རྐྱེན་འོག་ཚད་བརྒལ་སྒྲ་རླབས་སྤྱད་དེ་ལྕགས་ལམ་ཡོངས་ལ་སྐྱོན་ཆག་ཤོར་ཡོད་མེད་ཞིབ་བཤེར་བྱེད་ཀྱི་ཡོད་ཅིང་། དེའི་ལས་སྒྲུབ་ལས་ཕྱོད་མི་ཐབས་ལ་བརྟེན་ནས་ཞིབ་བཤེར་བྱེད་པའི་ལྡབ་30ལྷག་ཙམ་ཟིན་གྱི་ཡོད་པས། དེར་མྱུར་དུ་བསྐྱོད་པའི“Bསྒྲ་རླབས་སྨན་པ”ཞེས་འབོད་ཀྱི་ཡོད་པ་རེད།
ཞོགས་པའི་ཆུ་ཚོད་བདུན་པར་བདག་སྐྱོང་རླངས་འཁོར་གཏོང་འགོ་ཚུགས་པ་དང་ཆབས་ཅིག་ལས་དོན་མི་སྣ་4ཡིས་བཀོལ་སྤྱོད་ལས་སྟེགས་མདུན་དུ་གྲལ་སྒྲིག་བཞིན་ཁོང་ཚོའི་མིག་ཟུང་གློག་རླབས་བརྟག་བྱེད་འཕྲུལ་ཆས་དང་མངོན་ཆས་ལ་ཅེར་ནས་ལམ་ཐིག་འགྲོ་ཕྱོགས་འགྱུར་ལྡོག་གཞིར་བཟུང་ལས་སྒྲུབ་དཔྱད་གྲངས་སྐབས་བསྟུན་ལེགས་སྒྲིག་བྱས་ནས་འཚོལ་བསྡུ་ཐུབ་པའི་གྲངས་གཞི་འཁྲུལ་མེད་དང་གོ་ཆོད་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།
ལྕགས་ལམ་བདག་སྐྱོང་མེ་འཁོར་རྒྱུན་དུ་ཁུལ་ཆེན་ལམ་དུམ་དུ་འཁོར་སྐྱོད་བྱེད་པ་དང་། སྐབས་རེ་ཆུ་ཚོད་བཅུ་ལྷག་ཙམ་ལས་ཀ་བྱེད་ཀྱི་ཡོད། ཁ་ལོ་བས་ཐོག་མཐའ་བར་གསུམ་དུ་བློ་རྩེ་གཅིག་ཏུ་སྒྲིམ་དགོས་པ་མ་ཟད། ད་དུང་ཚད་ལྡན་གྱི་སྐད་བརྡ་དང་ལག་བརྡ་བྱེད་པ་སོགས་ཚད་ལྡན་གྱི་ལས་ཀ་ནན་ཏན་སྒྲུབ་དགོས་ཀྱི་ཡོད་པ་རེད།
དགོང་མོའི་ཆུ་ཚོད་བརྒྱད་པར་ལྕགས་ལམ་བདག་སྐྱོང་མེ་འཁོར་རྒྱ་ཚ་མེ་འཁོར་བབས་ཚུགས་སུ་འབྱོར་བ་དང་བསྟུན་སྤྱི་ལེ་200ཡི་བདག་སྐྱོང་ཞིབ་བཤེར་ལས་དོན་བདེ་བླག་ངང་མཇུག་འགྲིལ་ཡོད། ཞིབ་བཤེར་མཇུག་འགྲིལ་བ་ཙམ་གྱིས་ལས་མཇུག་འགྲིལ་བ་ག་ལ་ཡིན། ད་དུང་ཁོང་ཚོས་གྲངས་གཞི་ཚང་མ་བསྐྱར་ལྟ་བྱས་ནས་བདག་སྐྱོང་སྙན་ཞུ་བྲིས་ཏེ་ལམ་རྒྱུད་ཀྱི་གཙོ་འགན་འཁུར་མཁན་ཚན་པར་བསྐྱལ་ནས་ཆག་སྐྱོན་གནས་ཚུལ་དུས་ཐོག་ཏུ་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།
“Bསྒྲ་རླབས་སྨན་པ”ཡིས་ལེ་དབར་སྟོང་ཟིན་པའི་མཚོ་བོད་ལྕགས་ལམ་ལམ་ཐིག་ཐོག་བྲེལ་བརྩོན་ཆེན་པོས་ལས་ཀ་བྱས་ཏེ་སླ་བཅོས་མི་བྱེད་པར་ལྕགས་ལམ་ལ་བརྟག་དཔྱད་བྱས་ནས་ལྷ་ཉིང་ལྕགས་ལམ་ཐོག་གི་མེ་འཁོར་བདེ་འཇགས་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།