དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་འཚོལ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧྲའོ་ཙེ་ཏུང་།   |     སྤེལ་དུས།  2023-07-02

    འདི་ནི་ཤིང་སྡོང་ལ་འཛེག་མཁས་པའི་ལིའུ་ཐོན་ཤིས་ཀྱིས་ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་ལ་འཛེག་བཞིན་པ།

    འདི་ནི་ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་ཀྱི་འགྲམ་དུ་ཡོད་པའི་ཤིང་སྡོང་གཞན་གསུམ་ཡིན་པ།

    འདི་ནི་བསོད་ནམས་ཚེ་རིང་གིས་ཕ་ཡུལ་གྱི་ཤུག་སྡོང་ལ་ལྟ་ཞིབ་བྱེད་བཞིན་པ།

    འདི་ནི་སྤོ་བོ་རྫོང་ནགས་ལས་རྩྭ་ཐང་ཅུས་ཀྱི་ལས་དོན་པ་ཤེས་རབ(མདུན)ཀྱིས་ལམ་སྣེ་ཁྲིད་དེ་ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་འཚོལ་བཞིན་པ།

    འདི་ནི་ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་ཡིན་པ།

    འདི་ནི་ཀྲུང་གོ་ཚན་རིག་ཁང་སྐྱེ་དངོས་སུའོ་ཡི་འབུམ་རམས་པ་ཝང་ཙེ་ཡིས་ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་འགྲམ་གྱི་བོད་ཀྱི་ཤུག་སྡོང་ཆུང་ཆུང་ཞིག་པར་ལེན་བཞིན་པ།

    འདི་ནི་མཐོ་ཚད་ལ་སྨི་102.3ཟིན་པའི་བོད་ཀྱི་ཤིང་སྡོང་འདི་ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་སུ་གྱུར་པ།

    འདི་ནི་ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་སྐྱེ་འཚར་ཁོར་ཡུག་ཡིན་པ།

    ཉེ་བའི་ལོ་གཅིག་ལྷག་ཙམ་རིང་། ཤིང་སྡོང་ཆེན་པོའི་མཐོ་ཚད་ཀྱིས་ཟིན་ཐོ་གསར་པ་ཟམ་མི་ཆད་པར་བཏོད་ཅིང་། 2022ལོའི་ཟླ་4པར་པེ་ཅིང་སློབ་ཆེན་གྱིས་སྣེ་ཁྲིད་པའི་ཚན་ཞིབ་ཚོགས་པའི་རུ་ཁག་གིས་བོད་ལྗོངས་མེ་ཏོག་རྫོང་ནས་མཐོ་ཚད་སྨི་76.8ཟིན་པའི་ཤིང་སྡོང་ཆེན་པོ་ཞིག་རྙེད་ནས་ཟིན་ཐོར་བཀོད་པ་དང་། 2022ལོའི་ཟླ་5ཚེས་18ཉིན་ཀྲུང་གོ་ཚན་རིག་ཁང་གིས་བོད་ལྗོངས་རྫ་ཡུལ་རྫོང་ནས་ཡུན་ནན་གསོམ་ཤིང་གི་གདོད་མའི་ནགས་ཚལ་ཤེས་རྟོགས་ཐུབ་པ་དང་དེའི་ཁྲོད་ཤིང་སྡོང་ཞིག་གི་མཐོ་ཚད་ལ་སྨི་83.2ཟིན་པ་རྙེད་ནས་ཁྱབ་བསྒྲགས་བྱས་པ། 2023ལོའི་ཟླ་5པར་པེ་ཅིང་སློབ་ཆེན་གྱིས་སྣེ་ཁྲིད་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཉམ་འབྲེལ་བརྟག་ཞིབ་ཚོགས་པས་བོད་ལྗོངས་སྤོ་བོ་རྫོང་ཐང་སྨད་གྲོང་རྡལ་ཁོངས་ནས་མཐོ་ཚད་ལ་སྨི་102.3ཟིན་པའི་བོད་ཀྱི་ཤུག་སྡོང་ཞིག་ཤེས་རྟོགས་བྱུང་བ་དེས་དེ་གོང་གི་ཀྲུང་གོའི་ཤིང་སྡོང་མཐོ་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་པ་མ་ཟད། ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་ཀྱི་ཟིན་ཐོ་ཡང་བཏོད་ཡོད།

    ཉིན་ཤས་གོང་འཕྲིན་སྤེལ་ཚོགས་ཆུང་གིས་སྤོ་བོ་རྫོང་ནགས་ལས་རྩྭ་ཐང་ཅུས་ཀྱི་ལས་དོན་པ་ཤེས་རབ་ཀྱི་སྣེ་ཁྲིད་འོག་ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་ལ་ལྟ་བར་བསྐྱོད་པ་ཡིན། ཤེས་རབ་དེ་སྔོན་ནས་ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་ཡོད་སར་ཐེངས་གསུམ་འགྲོ་མྱོང་ཡོད་པས་ལམ་རྒྱུས་མངའ་ཤིན་ཏུ་ཆེ། ཁ་ས་ཁོང་གིས་ང་ཚོར་ད་ཐེངས་ལ་བརྒལ་ཀླུང་བརྒལ་བྱེད་དགོས་པ་མ་ཟད་གདོད་མའི་ནགས་ཚལ་དུ་སྲིན་འབུ་པད་པ་ཧ་ཅང་མང་ལ། སྦྲུལ་ཡང་འཕྲད་སྲིད་ཅེས་དྲན་སྐུལ་བྱས་བྱུང་། སྤོ་བོ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་ཀྱང་ང་ཚོར་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་མངགས་བྱ་གནང་བྱུང་། སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་པའི་རྐྱེན་གྱིས་ཉིང་ཁྲི་ས་ཁུལ་དུ་ཉེ་བའི་ལོ་ཤས་རིང་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་དང་སྣ་ཁ་དེ་བས་མང་དུ་ཕྱིན་ཏེ་ནགས་ཁྲོད་དུ་གཟིག་ཁྲ་དང་། གཟིག་སྐྱ། དབྱི་སོགས་ཡོད་པ་མ་ཟད། གསའ་ཡང་ཡོད། “ལྷག་པར་དུ་དོམ་ཡང་ཧ་ཅང་མང”ཞེས་ཉི་མ་ཚེ་རིང་གིས་བརྗོད།

    ཕལ་ཆེར་ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་ཙམ་སོང་རྗེས། མདུན་ཕྱོགས་དུ་ལམ་སྣེ་ཁྲིད་མཁན་ཤེས་རབ་ཀྱིས་སྐད་ཆེན་པོ་ཞིག་བརྒྱབ་པས་གསར་འགོད་པས་ལམ་སེང་དེའི་རྗེས་སུ་འབྲངས་ཏེ་ཁུག་ཆ་ཆུང་ཆུང་ཞིག་བརྒྱུད་རྗེས་མདུན་ཕྱོགས་ཀྱི་ཤིང་སྡོང་གི་ཡལ་གའི་གསིང་ནས་ཤུག་སྡོང་ཆེན་པོ་ཞིག་མཐོང་བྱུང་། མིག་ཚོད་བྱས་ན་མི་ལྔ་དྲུག་ཙམ་ལག་གདང་སྦྲེལ་ཡང་ཕལ་ཆེར་སྐོར་བ་ཐེབས་བཟོ་མི་འདུག མགོ་ཡར་བཀྱག་ནས་ལྟ་དུས་ས་སྟེང་ནས་སྨི་30ཡི་སར་ཡལ་ག་དང་ལོ་མས་བསྒྲིབས་པས་རྩེ་མོ་མཐོང་བར་དཀའ།

    འདི་ནས་རྒྱལ་ཁབ་ཀྱི་རི་སྐྱེས་རྩི་ཤིང་གི་སོན་རྒྱུའི་ཐོན་ཁུངས་མཛོད་ཁྲེང་ཧྲན་ལྟེ་གནས་ཀྱི་འགན་འཁུར་བ་ཀྲུང་ཤིང་དང་ཀྲུང་གོ་ཚན་རིག་ཁང་རྩི་ཤིང་སུའོ་ཡི་འབུམ་རམས་སློབ་མ་ཝང་ཙེ་རྣམ་གཉིས་ཐུག་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད། ཝང་ཙེ་ནི་དེ་གོང་རྫ་ཡུལ་རྫོང་ནས་མཐོ་ཚད་སྨི་83.2ཟིན་པའི་ཡུན་ནན་གསོམ་ཤིང་བཙལ་འཚོལ་ཐུབ་མཁན་གྱི་ཚོགས་པའི་ཁོངས་མི་གཙོ་བོ་ཞིག་རེད། ཀྲུང་ཤིང་ཐུག་དུས་ཁོང་ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་རྒྱབ་ཀྱི་ཤིང་སྡོང་ཆེན་པོ་གཞན་ཞིག་ལ་སྐྱེ་དངོས་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། ཤིང་སྡོང་དེའི་མཐོ་ཚད་ཀྱང་ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་དང་འདྲ་པོ་ཡོད་ཀྱང་སྐྱེ་མཚར་དེ་ལས་ཀྱང་བཟང་ལ་ལོ་ཚོད་ཀྱང་དེ་བས་གཞོན། འབུམ་རམས་པ་ཝང་ཙེ་ཡིས་ལིའུ་ཐོན་ཞི་ཡིས་ཤིང་སྡོང་ལ་འཛེག་པའི་ཐག་པ་གཙོ་བོ་ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་ཀྱི་སྨི་90ཡས་མས་སུ་བསྡམས་རྗེས་དེར་འཛེགས་ནས་སྐྱེ་དངོས་བརྟག་དཔྱད་བྱེད་བཞིན་མཆིས།

    “དེ་རིང་ངའི་ལས་འགན་གཙོ་བོ་གཉིས་ཡོད། དང་པོ་དེ་ནི་ཤིང་སྡོང་ལ་འཛེག་པའི་ཐག་པ་དང་པོ་དེ་བསྡམས་རྗེས་ཐག་པ་གཙོ་བོ་གཉིས་པོ་དེ་ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་ཀྱི་སྨི་90ཡས་མས་སུ་བསྡམ་རྒྱུ་དེ་རེད། གཉིས་པ་ནི་ང་རང་ཡར་འཛེགས་པ་དང་མར་བབས་དུས་རྒན་ཀྲུང་ལགས་དང་འབུམ་རམས་པ་ཝང་ཙེ་ལགས་ལ་སྨི་5རེའི་ས་ནས་ལོ་མ་དང་ལྷན་སྐྱེས་སྐྱེ་དངོས་ཕྲན་བུ་རེ་བསྡུ་རུབ་བྱས་ཏེ་ཚོད་ལྟ་ཁང་དུ་འཁྱེར་ནས་དབྱེ་ཞིབ་དང་བསྡུར་བ་གཏོང་བར་སྤྲོད་རྒྱུ་དེ་རེད”

    འབུམ་རམས་པ་ཝང་ཙེ་ཡིས་2018ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་དུ་ཤིང་སྡོང་མཐོ་ཤོས་ལ་ནགས་ཁྲོད་དུ་བརྟག་དཔྱད་བྱས་པ་དང་། ད་ཐེངས་ཐང་སྨད་གྲོང་རྡལ་དུ་ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་ལ་བརྟག་དཔྱད་བྱས་ནས་གཟའ་འཁོར་གཅིག་ལྷག་ཙམ་སོང་ཡོད། “འདི་ཁུལ་དུ་མཐོ་ཚད་སྨི་100ཟིན་པའི་ཤིང་སྡོང་ཧ་ཅང་མང་པོ་འདུག ད་དུང་ཤེས་རྟོགས་གསར་པ་ཡང་ཐུབ་སྲིད་ངེས་རེད”ཅེས་འབུམ་རམས་པ་ཝང་ཙེ་ཡིས་བརྗོད།

    བསོད་ནམས་ཚེ་རིང་གིས་འབུམ་རམས་པ་ཝང་ཙེ་ཡི་ཚོད་དཔག་དེ་མངོན་སུམ་ཡིན་པ་མིག་མཐོང་ལག་ཟིན་བྱུང་ཡོད། བསོད་ནམས་ཚེ་རིང་ནི་ཐང་སྨད་གྲོང་རྡལ་ནས་ཡིན་པ་དང་ལོ་འཁོར་མོ་འདིའི་རྒྱུད་དུ་རི་སྐྱེས་སྔོ་ཚལ་དང་མོག་རོ་སོགས་བཏུས་ནས་སྡོད་ཀྱི་ཡོད་པས། ཉེ་འཁོར་གྱི་ནགས་ཚལ་ལ་རྒྱུས་མངའ་ཤིན་ཏུ་ཆེ། འདི་ལོའི་ཟླ་5པར་ཁོང་གིས་ལམ་སྣེ་ཁྲིད་རྗེས་པེ་ཅིང་སློབ་ཆེན་གྱི་ཚན་ཞིབ་མི་སྣས་ཨེ་ཤེ་ཡའི་ཤིང་སྡོང་མཐོ་ཤོས་དེ་ཤེས་རྟོགས་ཐུབ་ཡོད། “ངས་བལྟས་ན་འདིའི་རྒྱུད་དུ་ཤིང་སྡོང་འདི་འདྲ་བ་ཉུང་ཤོས་ལའང་བཅུ་ཕྲག་ཁ་ཤས་ཡོད”ཅེས་བསོད་ནམས་ཚེ་རིང་གིས་གསར་འགོད་པར་དེ་ལྟར་བརྗོད། ད་ཐེངས་འབུམ་རམས་པ་ཝང་ཙེ་གནས་སའི་ཚོགས་པ་འདི་གར་ཚན་ཞིབ་བྱེད་པར་ཡོང་དུས་ཀྱང་བསོད་ནམས་ཚེ་རིང་གིས་ལམ་རྒྱུས་བྱས།

    “ང་ཚོའི་འདི་གར་ཤིང་སྡོང་ཆེན་པོ་མང་པོ་འདི་འདྲ་ཡོད་པ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཙང་རེད། སྤོ་བོ་རྫོང་ཁོ་ནར་སྤྱི་ཆིང་ཁྲི་59ཟིན་པའི་ནགས་ཚལ་ཡོད་པ་མ་ཟད། དེ་དག་མང་ཆེ་བར་འགྲོ་མྱོང་མཁན་ཉུང་ཉུང་རེད”ཅེས་སྤོ་བོ་རྫོང་ནགས་ཚལ་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་གསར་འགོད་པར་དེ་ལྟར་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།