དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • འབུད་བདེ་གྲོང་ཚོར་མཐུན་སྒྲིལ་མེ་ཏོག་གི་དྲི་བསུང་ལྷག་པར་འཐུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     རྩོམ་པ་པོ།  བདེ་སྐྱིད་བུ་ཁྲིད། བསོད་ནམས་བཀྲ་ཤིས། གྲགས་པ་དབང་ཆེན།    |     སྤེལ་དུས།  2023-06-30

    དབྱར་ཟླ་དྲུག་པའི་འབུད་བདེ་གྲོང་ཚོ་ནི་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་མཛེས་སྡུག་གིས་ཕྱུག་པའི་བཀོད་རིས་ཞིག་དང་འདྲ་བར། ནམ་དུས་དབྱར་ཟླའི་སྒེག་ཉམས་སྦ་གསང་མེད་པར་མི་རྣམས་ཀྱི་འདྲེན་བྱེད་ཡུལ་དུ་ངོམ་བཞིན་མཆིས། 

    ལྷ་སའི་གྲོང་ཁུལ་ནས་བར་ཐག་སྤྱི་ལི་བཅུ་ཕྲག་ཡོད་པའི་ཆུ་ཤུར་རྫོང་ཚལ་སྣེ་ཤང་འབུད་བདེ་གྲོང་ཚོར། འཛོམས་སྐྱིད་ཀྱིས་སྔ་ས་ནས་ཇ་བསྲུབས་མ་བསྲུས་ནས་ནང་མི་དང་མཉམ་དུ་ཁོང་ཚོའི་རྒྱ་རིགས་གྲོགས་པོ་ཁ་ཤས་སྒུག་བཞིན་འདུག  ཁོང་རྣམས་ནི་བོད་རང་སྐྱོང་ལྗོངས་རྒྱན་སྒྲོས་སྒྲིག་བཟོའི་ལས་རིགས་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ཞིང་།   ཁོང་རྣམ་པས་ཅ་དངོས་ཁྱོག་ཚད་བསྣམས་ནས་འཛོམས་སྐྱིད་ཀྱི་ཁྱིམ་ཚང་ལ་འཚམས་འདྲིར་སླེབས། འཛོམས་སྐྱིད་ཀྱིས“ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཛད་བྲེལ་ག་ཚོད་ཆེ་ཡང་ད་དུང་ང་ཚོ་ཐུགས་ལ་བཞག་འདུག”ཅེས་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲེན་ལིས་ཡོན་གྱི་ལག་ནས་འཇུས་ཏེ་བཤད་པ་དང་སྦྲགས།  སེམས་རྩ་ཁོལ་པོས་དཀར་གཙང་མཇལ་དར་དང་ཞིམ་པའི་གསོལ་ཇས་ཁོ་ཚོར་སྣེ་ལེན་བྱས།  

     འདི་ནི་ཆུ་ཤུར་རྫོང་ཚལ་སྣེ་ཤང་འབུད་བདེ་གྲོང་ཚོའི་ཕྱི་ཡི་བཀོད་པ་ཡིན་པ།   

    གསར་འགོད་པས་ཤེས་གཏོགས་བྱས་པར་གཞིགས་ན། 2003ལོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲེན་ལིས་ཡོན་གྱིས་གྲོང་ཚོ་འདིར་ཨར་སྐྲུན་གྱི་ལས་འགན་ཞིག་ལེན་མྱོང་ཞིང་། དེའི་ཚེ་དེའི་དུས་ནས་ཁོང་ཚོའི་དབར་ལས་ཀྱི་མདུད་པ་ཐེབས།  ཕྱུགས་མང་ན་འབྱོར་བའི་རྒྱུ་དང་མི་མང་ན་སྟོབས་ཀྱི་རྒྱུ་ཞེས་པའི་དཔེ་ལྟར། ཁྲེན་ལིས་ཡོན་གྱིས་མཐུན་ཚོགས་ཀྱི་ཚོགས་མི་གཞན་རྣམས་སྐུལ་སློང་བྱས་ནས། ལོ་ཤས་བསྟུད་མར་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། ཁ་ཚ་དགོས་གཏུགས་ཀྱི་དཀའ་གནད་སེལ་བ་བཅས་བྱས་ནས་འཛོམས་སྐྱིད་ཀྱི་ཁྱིམ་ཚང་ལ་གཅིག་གཏད་གཅིག་གི་རོགས་སྐྱོར་བྱས་པ་དང་། ཡུན་རིང་ཕན་ཚུན་རོགས་རམ་བྱེད་པའི་འབྲེལ་བ་བཙུགས་ཡོད། “ཁོང་རྣམས་དུས་ཚོད་ཡོད་རིམ་བཞིན་ང་ཚོར་གཟིགས་པར་ཕེབས་ཀྱི་འདུག” འཛོམས་སྐྱིད་ཀྱིས་དགའ་སྤྲོའི་ངང་བཤད། 

    འདི་ནི་ཚོགས་མི་ཚོས་འཛོམས་སྐྱིད་ཀྱི་ནང་མི་ཚོ་དང་གླེང་མོལ་བྱེད་བཞིན་པ། 

    ཁོང་ཚོ་ཕན་ཚུན་གླེང་མོལ་བྱེད་རིང་། ཚོགས་མི་ཚོས་འཛོམས་སྐྱིད་ཁྱིམ་ཚང་གི་དགོས་མཁོ་གང་ཡོད་ནན་ཏན་ངང་ཉན་པ་དང་། ལྷག་པར་དུ་འཛོམས་སྐྱིད་ཀྱི་བུ་མོ་ཆུང་བར་སློབ་སྦྱོང་ལ་ཧུར་བརྩོན་བྱས་ནས། ཕྱིས་ཕ་ཡུལ་དང་སྤྱི་ཚོགས་ལ་ཕན་འདོགས་པའི་མི་ཞིག་བྱ་རྒྱུའི་ལྕག་སྐུལ་ཡང་ཡང་བྱས། མཐུན་ཚོགས་འདིའི་སྐོར་གླེང་སྐབས་འཛོམས་སྐྱིད་ཚུད་པའི་ཉེ་འཁོར་གྱི་གྲོང་མི་ཚང་མས་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱེད་ཀྱི་ཡོད། གང་ལགས་ཞེ་ན། ལོ་ཁ་ཤས་སྔོན།  མཐུན་ཚོགས་འདིས་འཛོམས་སྐྱིད་ཁྱིམ་ཚང་གི་ཨར་ལས་དགོས་མཁོར་གཞིགས་ནས་གཡོས་འཁོར་དང་། ལས་ཁྲི ཐེར་ཆུང་། ཨར་ལས་རྒྱུ་ཆ་སོགས་ཕྱོགས་གང་ས་ཅི་ཐད་ནས་རོགས་རམ་བྱས།  དུས་དེ་ནས་བཟུང་། ཨར་སྐྲུན་ཡོ་བྱད་དེ་དག་གྲོང་ཚོ་འདི་རང་དུ་བཞག་ནས། དུད་ཚང་སུ་ལ་ནམ་མཁོ་ཡང་རིན་མེད་དུ་སྤྱོད་ཆོག་པར་བྱས། ཁོང་ཚོས་དེ་དང་དེ་འདྲ་བའི་བྱ་བ་ཆུང་ཙག་ནས་འགོ་བརྩམས་ཏེ་མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་ཟབ་མོར་གསལ་འགྲེལ་བྱེད་བཞིན་ཡོད།“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག  ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པ”དང“མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས”སོགས་ཀྱི་སྲིད་ཇུས་དང་བསམ་བློའི་ཁྲིད་སྟོན་འོག  མི་རིགས་ཁག་ཞི་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ལས། འབུད་བདེ་གྲོང་ཚོར་མི་རིགས་མཐུན་སྒྲིལ་གྱི་མཚར་སྡུག་མེ་ཏོག་རྣམ་པར་བཞད།

    འདི་ནི་འཛོམས་སྐྱིད་རང་ཁྱིམ་གྱི་སྒོ་རའི་ནང་ལས་ཀ་བྱེད་བཞིན་པ། 

    ལོ་མང་རིང་བོད་ཀྱི་ས་གཞི་ཆེ་མོར་དུས་སྐབས་གསར་པའི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་འབོར་ཆེན་ཞིག་ཐོན་པ་དང་། མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་དགའ་ཞེན་དང་བདེ་སྡུག་མཉམ་མྱོང་བྱས་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཡོད། ལྷུག་པོར་བཞད་པའི་མེ་ཏོག་གི་བཀྲག་མདངས་ལས་ཞིང་པའི་དུད་ཁྱིམ་འདི་ཉིད་སྔར་བས་དྲོ་སྐྱིད་ལྡན་པར་མངོན། མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲེན་ལིས་ཡོན་གྱིས། “གོམ་སྟབས་རྗེས་མར་ང་ཚོས་རྣམ་པ་མི་འདྲ་བ་དང་། རོགས་རམ་བྱ་ཡུལ་གྱི་མང་ཚོགས་ཇེ་མང་དུ་བཏང་ནས། མང་ཚོགས་ཚོའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་གང་ཐུབ་བྱ་རྒྱུ་ཡིན”ཞེས་བཤད།  འཛོམས་སྐྱིད་ཁྱིམ་ཚང་དང་ཁྲེན་ལིས་ཡོན་དབར་གྱི་འབྲེལ་འདྲིས་ལས་གངས་ལྗོངས་ས་མཐོར་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་ཡང་རྩོམ་བཞིན་མཆིས། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།