མཉམ་ལས་ཁང་གིས་བཏོད་པའི་འབབ་འཕར་གྱི་ལམ་བུ།
—— རྫ་ཡུལ་རོང་སྨད་གྲོང་རྡལ་བུ་ཕ་གྲོང་ཚོའི་ཁེ་འབབ་བགོ་བའི་ཚོགས་ཆེན་གྱི་མཐོང་ཐོས།
བུ་ཕ་གྲོང་ཚོ་ནི་རྫ་ཡུལ་རྫོང་ཚ་བ་རོང་ཤང་ནས་ཁྱོན་ཡོངས་གནས་སྤོས་པ་ཞིག་རེད། གནས་མ་སྤོས་གོང་དུ་གྲོང་ཚོའི་རྒྱབ་ཏུ་རི་བོ་དང་མདུན་དུ་རྒྱལ་མོ་རྔུལ་ཆུ་ཡིན་པས་ཕྱིར་སྐྱོད་སྐབས་འབྲེང་ཟམ་ལ་བརྟེན་དགོས་པ་དང་། གྲོང་མི་ཚོས་ནམ་རྒྱུན་རི་སྐེད་དུ་མ་རྨོས་ལོ་ཏོག་བཏབ་ནས་འཚོ་བ་སྐྱེལ་གྱི་ཡོད། 2015ལོའི་ལོ་མཇུག་ཏུ་རང་སྐྱོང་ལྗོངས་ཀྱི་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་ཀྱི་རོགས་རམ་འོག བུ་ཕ་གྲོང་ཚོ་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་དུ་སྤོས་ཏེ། གྲོང་མི་ཚང་མ་རྫ་ཡུལ་གཙང་པོའི་ངོགས་སུ་གནས་པའི་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པར་འཚོ་བ་སྐྱེལ་བཞིན་ཡོད།
སྤྲེལ་ཁམ་ཐོན་ལས་གླིང་ནི་བུ་ཕ་གྲོང་ཚོའི་གནས་སྤོས་ལྷན་སྦྱར་ཐོན་ལས་ཤིག་ཡིན་ཞིང་། “ཀྲི་པུའུ་ཡིས་སྣེ་ཁྲིད་དང་གྲོང་ཚོ་དང་ཁེ་ལས་མཉམ་ལས”ཀྱི་རྣམ་པར་བརྟེན་ནས་འཁོར་རྒྱུག་བྱེད་པ་དང་། 2022ལོར་མཉམ་ལས་ཁང་གིས་སྤྲེལ་ཁམ་བཏབ་ནས་བཙོངས་པར་ཡོང་འབབ་ཡག་པོ་བྱུང་ཡོད། བུ་ཕ་གྲོང་ཚོའི་ཏང་ཀྲི་པུའུ་ཡིས་གོ་སྐབས་དེར་དམ་འཛིན་བྱས་ནས་སྤྲེལ་ཁམ་ཐོན་ལས་ཀྱི་ཁེ་འབབ་བགོ་བའི་བརྒྱུད་རིམ་དུ་ཡུལ་མིར་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་མྱོང་ཚོར་ཟབ་མོ་ཐུབ་ཏུ་བཅུག་ཡོད།
སྤྲེལ་ཁམ་ཐོན་ལས་གླིང་དུ་གྲོང་མི་མི་རེ་ངོ་རེའི་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་དུ་ཚང་མས་གོ་རིམ་ལྡན་པའི་ངང་མིང་རྟགས་འགོད་པ་དང་། མཛུབ་ཐེལ་རྒྱག་པ། བགོ་འགྲེམས་ལེན་པར་བྲེལ་འདུག གྲོང་མི་367ལ་བར་སྐྱིད་ས་ཞིང་མཉམ་ལས་ཁང་ནས་ཁྱོན་སྒོར་ཁྲི་48ལྷག་ཙམ་གྱི་ས་ཞིང་ནང་བཤུག་དངུལ་དང་དེ་བཞིན་ཐོན་ལས་ཀྱི་བགོ་འགྲེམས་རག་པ་རེད། སྤྲེལ་ཁམ་ཐོན་ལས་འཕེལ་རྒྱས་ཕྱིན་པ་དེས་བུ་ཕ་གྲོང་ཚོའི་གྲོང་མིའི་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་ཕྱིན་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་མང་དུ་ཕྱིན་ཡོད།
གྲོང་མི་ལྷ་གྲུབ་ཀྱིས། ས་ཞིང་ནང་བཤུག་ལ་བོགས་གླ་ཡོད་པ་དང་། རང་ཁྱིམ་གྱི་སྒོ་རའི་ཤིང་འབྲས་ལྡུམ་རའི་རྟེན་གཞི་ནས་ཡོང་འབབ་གསོག་ཐུབ་པ། མཉམ་ལས་ཁང་ནས་ལོ་རེར་བགོ་འགྲེམས་ཡོད་པ། ལོ་ལྟར་བསགས་པའི་ལུད་མཉམ་ལས་ཁང་ལ་བཙོངས་ན་ཡོང་འབབ་རག་གི་ཡོད་པས། གཅིག་གོ་མང་ཆོད་རེད་འདུག གྲོང་ཚོའི་སྣེ་ཁྲིད་འོག་མཉམ་དུ་འབད་བརྩོན་བྱས་ན་འཚོ་བ་ཇེ་སྐྱིད་དུ་འགྲོ་ངེས་རེད་ཅེས་བརྗོད།