དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མིག་ཟུང་མུན་པས་བསྒྲིབས་གྱུར་ཀྱང་། འོད་ཀྱི་ནམ་མཁར་གཤོག་རྩལ་ངོམས།

    —— “ལོ་རབས་དགུ་ཅུ་པའི་ནང་སྐྱེས”ཀྱི་ལོང་བ་འཕུར་མཉེད་པ་དབུ་ཆེན་དངོས་གྲུབ་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-06-30

    དཀའ་ངལ་གྱི་མདུན་དུ་ཁོང་གིས་དཔའ་མི་ཞུམ་པར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ལས་གཏོད་ཀྱི་ལམ་བུར་རང་ཉིད་ཀྱི་འོད་སྟོང་འཕྲོ་བའི་མི་ཚེའི་རིན་ཐང་མངོན་པར་བྱས་ཡོད། ཁོང་ནི“ལོ་རབས་དགུ་བཅུ་པའི་ནང་སྐྱེས”ཀྱི་ལོང་བ་འཕུར་མཉེད་པ་དབུ་ཆེན་དངོས་གྲུབ་རེད།

    དབུ་ཆེན་དངོས་གྲུབ་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་མཚོ་སྟོད་གྲོང་ཚོར་སྐྱེས་པ་དང་། ལོ་6ལ་སླེབས་སྐབས་བར་ཆད་ཅིག་གིས་མིག་གཉིས་ཀ་ལོང་། དཀའ་ཚེགས་ཆེ་བའི་ལས་དབང་གི་མདུན་དུ་ཁོང་གིས་ཡི་ཐང་ཆད་ནས་མ་བསྡད་པར། གཞན་གྱིས་འབད་བརྩོན་ཐེངས་གཅིག་བྱེད་སར་རང་ཉིད་ཀྱིས་འབད་བརྩོན་ཐེངས་བརྒྱ་བྱེད་ཕོད་པའི་སྙིང་རུས་ལ་བརྟེན་ནས་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་གཏོང་ཐབས་བྱས།

    རང་ཁ་རང་གསོ་ཐུབ་ཆེད། ཁོང་གིས་ཤེས་བྱ་ནི་ལས་དབང་ལ་འགྱུར་ལྡོག་གཏོང་བའི་ཐབས་མཆོག་ཡིན་པའི་འདུ་ཤེས་བཅངས་ནས་སློབ་སྦྱོང་གི་གོ་སྐབས་ཐེངས་གཅིག་ཀྱང་ཆུད་ཟོས་སུ་མ་བཏང་བར་ལག་རྩལ་སྦྱོང་གང་ཐུབ་བྱས། དེ་ལྟར་དབང་གིས་ས་གནས་དེ་གའི་དམངས་སྲིད་སྡེ་ཚན་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་རོགས་རམ་འོག་བརྩོན་འགྲུས་ཆེ་བའི་ཁོང་ལ་ཅི་ལིན་ཁྲང་ཁྲུན་སློབ་ཆེན་དང་པེ་ཅིང་ལོང་བའི་སློབ་གྲྭར་འཕུར་མཉེད་ལག་རྩལ་སྦྱོང་བའི་གོ་སྐབས་ཐོབ། ལོ་5ཙམ་སློབ་སྦྱོང་བྱས་རྗེས། མཐར་ལོང་བའི་སྨན་བཅོས་འཕུར་མཉེད་པའི་ལས་ཞུགས་ཐོབ་ཐང་དང་ལོང་བའི་སྨན་བཅོས་འཕུར་མཉེད་པའི་ཐོབ་ཐང་ལག་ཁྱེར་རག

    མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་འཆང་བཞིན་2018ལོར་ཁོང་གིས་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁུལ་ནས་སྨི་ངོས་གྲུ་10ལྷག་ཙམ་གྱི་ཁང་ཆུང་ཞིག་གླས་ཏེ་ལོང་བའི་འཕུར་མཉེད་ཁང་བཙུགས་ནས་རང་གི་ལས་གཏོད་ལམ་བུ་བཏོད། ལས་གཏོད་ཀྱི་དུས་སུ་ཁོང་གིས་ཡག་ཐོག་ཡག་བརྩེགས་ཚོང་གཉེར་གྱི་ཚད་གཞིར་བཟུང་སྟེ། ཕྱོགས་གཅིག་ནས་ཚོང་གཉེར་ལ་གཞོལ་བ་དང་ཕྱོགས་གཞན་ཞིག་ནས་དྲ་ཐོག་ནས་ཆེད་ལས་དང་གཉེར་སྐྱོང་གི་ཤེས་བྱ་སོགས་སྦྱངས་ཏེ་ལས་སྒོའི་ཆུ་ཚད་མཐོ་རུ་བཏང་། ལས་སྒོའི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་སོང་བ་དང་བསྟུན་ནས། ཐོག་མར་འཕུར་མཉེད་བྱེད་མཁན་ཉུང་ཉུང་ལས་མེད་ཀྱང་ད་ཆ་ཇེ་མང་དུ་སོང་སྟབས་ཁོང་གི་ཚོང་ཡང་ཉིན་རེ་བཞིན་ཡག་ཏུ་ཕྱིན།

    2021ལོར་ཁོང་གི་ཚོང་ཁང་དེ་ཁེར་རྐྱང་ཚོང་དུད་ཅིག་ནས་འཕུར་མཉེད་ཞབས་ཞུའི་ཁེ་ལས་སུ་གྱུར། ཁོང་གིས། འཕུར་མཉེད་ཀྱི་ཚོང་ཡག་པོ་ཡོད་མེད་དེ་སྐུ་མགྲོན་ཚོ་བློ་ཡིད་ཚིམ་མིན་ལ་ཐུག་ཡོད། དེར་བརྟེན་འཕུར་མཉེད་བྱེད་རིང་སྐུ་མགྲོན་གྱི་ལུས་པོའི་ངལ་དུབ་སེལ་ཐུབ་ན། སྐུ་མགྲོན་གྱིས་ཡིད་ཆེས་བྱེད་ངེས་རེད་ལ། ང་ཚོར་ཡང་ཚོང་ཡག་པོ་ཡོང་ངེས་རེད། ངལ་དུབ་ག་ཚོད་ཆེ་ཡང་ཁྲལ་སེལ་སླ་བཅོས་བྱ་མི་རུང་། རང་གིས་འབད་བརྩོན་བྱས་པ་བརྒྱུད། 2023ལོར་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་གྱི་རྩལ་ནུས་འགྲན་བསྡུར་ཆེན་པོར་ང་ལ་ཨང་གསུམ་པ་ཐོབ་བྱུང་། ད་ཆ་ཚོང་ཡག་ཏུ་ཕྱིན་པ་དང་སྐུ་མགྲོན་ཡང་མང་བས་རྒྱུན་དུ་སྔོན་ནས་མངག་དགོས་ཀྱི་ཡོད་ཅེས་བརྗོད།

    ད་ཆ་ཚོང་ཉིན་རེ་བཞིན་ཡག་ཏུ་ཕྱིན་པས། ཁོང་གིས་ཚོང་ཁང་རྒྱ་ཆེ་རུ་གཏོང་བ་དང་འཕུར་མཉེད་ཡོ་ཆས་གསར་པ་ཉོ་བའི་འཆར་གཞི་བཏིང་། ཁོང་གིས། ལས་གཏོད་བྱེད་རིང་སྲིད་གཞུང་གི་རོགས་རམ་མང་པོ་གནང་བྱུང་། ངས་དམངས་སྲིད་སྡེ་ཚན་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོགས་སྐྱོར་གནང་བའི་དངུལ་སྒོར་ཁྲི་2མ་རྩར་བྱས་ཏེ་འཕུར་མཉེད་ཀྱི་ཉལ་ཁྲི་དང་མེ་བུམ་སོགས་རྨང་གཞིའི་སྒྲིག་ཆས་ཉོས་པ་ཡིན། ངས་འཇིག་རྟེན་གྱི་འོད་སྣང་མི་མཐོང་ཡང་། སྲིད་གཞུང་གི་དྲོ་སྐྱིད་དང་ཐུགས་ཁུར་གྱིས་ངའི་འཚོ་བར་འོད་སྣང་བྱིན་བྱུང་ཞེས་བརྗོད།

    མི་རིང་བའི་གོང་། ཆུ་གསུམ་རྫོང་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཁོང་དང་འབྲེལ་བ་བྱས་ཏེ། རྫོང་གི་དབང་པོ་སྐྱོན་ཅན་གྱི་དྲག་སྐྱེད་ལྟེ་གནས་སྤྱོད་ཉེར་ཡོད་པས། ཁྱོད་ཀྱིས་རྩལ་ནུས་ལ་བརྟེན་ནས་ཕ་ཡུལ་གྱི་དབང་པོ་སྐྱོན་ཅན་གཞན་དག་ལ་རོགས་རམ་བྱེད་དགོས་ཞེས་བརྗོད་པས། ཁོང་གིས་ཐེ་ཚོམ་མེད་པར་ལས་འགན་དང་དུ་བླངས། འབྱུང་འགྱུར་གྱི་སྐོར་གླེང་སྐབས་ཁོང་གིས་ཡིད་ཆེས་ཆེན་པོས། རང་ཉིད་ལ་ནུས་པ་དེ་ཙམ་མེད་ཀྱང་། རོགས་པ་བྱེད་དགོས་ཚེ། ངས་གང་ཐུབ་ཅི་ཐུབ་ཀྱིས་རོགས་པ་བྱས་ཏེ་སྤྱི་ཚོགས་ལ་དྲིན་ལན་འཇལ་གྱི་ཡིན། ཕ་ཡུལ་གྱི་དབང་པོ་སྐྱོན་ཅན་བྱིས་པར་ཞབས་འདེགས་ཞུས་ཚེ། དབང་པོ་སྐྱོན་ཅན་དེ་བས་མང་པོས་རང་ཁ་རང་གསོའི་སྤྲོ་སྣང་ཚོར་ཐུབ་ལ། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་ལ་ཡང་སྐུལ་ལྕག་བྱེད་ཐུབ་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།