བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲོམ་རའི་ཟང་ཟིང་གི་རྣམ་པ་བཅོས་སྒྲིག་བྱེད་པ།
འདི་ལོ་ཚུན་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་དྲ་འཕྲིན་དང་། སྤྱི་བདེ། འགྲིམ་འགྲུལ། སྡོད་ཁང་འཛུགས་སྐྲུན། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། གྲོང་ཁྱེར་ལྟ་སྐུལ། ཆོས་ལུགས། རིག་དངོས་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་ཆེད་དོན་བཅོས་སྒྲིག་ཚོགས་ཆུང་བཙུགས་ནས་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་རྗེས་སྙེག་བྲིན་ཚོང་དང་བཙན་ཉོ་བཙན་ཚོང་གི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད། ཟླ་5པའི་ཟླ་མཇུག་བར། ཁྱོན་ཁྲིམས་སྒྱུར་ཞིབ་བཤེར་མི་སྣ་མི་ཐེངས་1375བཏང་ནས་ཁྲོམ་ར་བཅོས་སྒྲིག་གི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་ཁྲོམ་རའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཁ་གསལ་བཟོ་བ་དང་། སྡེ་ཚན་དབར་ཡུལ་སྐོར་ཁྲོམ་རའི་ཁྲིམས་འགལ་སྒྲིག་འགལ་གྱི་ཆ་འཕྲིན་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། མཉམ་འབྲེལ་ཁྲིམས་སྒྱུར་དང་ལྟ་སྐུལ་དོ་དམ་མཐུན་སྦྱོར་གྱི་འབྲེལ་ཡོད་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་གྱི་ལས་ཕྱོད་དང་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་བཏང་བ་དང་། དུས་མཚུངས་གྲོང་ཁྱེར་དང་ས་ཁུལ་ཁག་གི་འབྲེལ་ཡོད་སྡེ་ཚན་ལ་ལས་ཀའི་འགན་འཁྲི་གཞིར་བཟུང་སྡེ་ཚན་དབར་གྱི་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པར་སྐུལ་འདེད་དང་མཛུབ་ཁྲིད་བྱས་པས་ཡུལ་སྐོར་སྡེ་ཚན་གྱིས་སྣེ་ཁྲིད་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་ཧུར་ཐག་བྱེད་པའི་མཉམ་འགུལ་ལམ་སྲོལ་ཆགས་པར་བྱས་ནས། གོང་འོག་མཉམ་འགུལ་དང་། རང་འགན་རང་འཁུར། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱས་པ་རེད།