དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་པ་པ་ཏོ་སིའི་ཙུང་ལི་མོ་ཐེ་ལི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-06-29

    ཟླ་6ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་པ་པ་ཏོ་སིའི་ཙུང་ལི་མོ་ཐེ་ལི་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་27ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་པ་པ་ཏོ་སིའི་ཙུང་ལི་མོ་ཐེ་ལི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། པ་པ་ཏོ་སི་ནི་ཅ་ལེ་པིའི་ཤར་རྒྱུད་ས་ཁུལ་ནས་ཀྲུང་གོ་དང་ཕྱི་འབྲེལ་འཛུགས་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ་ས་ཁུལ་དེའི་ཀྲུང་གོའི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོའང་ཡིན། ཀྲུང་གོ་དང་པ་པ་ཏོ་སི་རྒྱལ་ཁབ་གཉིས་པོའི་དབར་བར་ཐག་རིང་པོ་ཆོད་ཡོད་མོད། འོན་ཀྱང་བློ་སེམས་གཅིག་མཐུན་དང་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་པས། ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དེས་པ་པ་ཏོ་སིའི་འཕེལ་རྒྱས་དང་ཀྲུང་གོ་དང་པ་པ་ཏོ་སིའི་མཉམ་ལས་ལ་གོ་སྐབས་གསར་པ་སྦྱིན་རྒྱུ་རེད། པ་པ་ཏོ་སི་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི“མྱུར་བགྲོད་རླངས་འཁོར”ནང་ཞུགས་ནས་ཀྲུང་གོ་ཕྱོགས་དང་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་པ་པ་ཏོ་སིའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།

    ཞི་ཅིན་ཕིང་གིས། ཀྲུང་གོ་དང་པ་པ་ཏོ་སི་ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སྔར་རྒྱུན་བཞིན་པ་པ་ཏོ་སི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་རང་བཙན་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་ལམ་བུ་རང་བརྟེན་གདམ་ག་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། པ་པ་ཏོ་སི་ཕྱོགས་དང་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་བཅས་དབར་འགྲོ་འོང་དམ་ཟབ་བྱས་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱེད་པར་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོ་དང་པ་པ་ཏོ་སི་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པས། འཕེལ་རྒྱས་ཀྱི་ཁྱབ་ཁོངས་སུ་མཐུན་ཆ་མང་བ་དང་མཉམ་ལས་ཀྱི་མངོན་མེད་སྟོབས་ཤུགས་ཆེན་པོ་ལྡན་ཡོད་པས། ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲངས་འཛིན་དཔལ་འབྱོར། གནམ་གཤིས་འགྱུར་ལྡོག ནུས་རྒྱུ་གསར་པ། ཞིང་ལས། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་པ་པ་ཏོ་སིར་མཉམ་ལས་བྱེད་པར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་ད་དུང་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་དང་མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས། འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་དམིགས་ཏེ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། འཇམ་འཐབ་ཀྱི་བསམ་གཞིག་དང་དཔུང་ཁག་གི་འགྲན་རྒོལ་ལ་ངོ་རྒོལ། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་པ་པ་ཏོ་སི་སོགས་གླིང་ཕྲན་ཆུང་གྲས་ཀྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ཁྱབ་ཁོངས་སུ་བཏོན་པའི་རེ་འདུན་ལ་བསམ་ཤེས་གང་ལེགས་བྱ་རྒྱུ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལྷོ་ལྷོ་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། པ་པ་ཏོ་སི་ཚུད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཅ་ལེ་པིའི་དབར་གྱི་འབྲེལ་བར་མཐོང་ཆེན་བྱས་ཏེ། ཅ་ལེ་པི་ཕྱོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་མུ་མཐུད་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།