དབུ་ཤོག>གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་གྱིས་ཁེ་བེད་བདག་ཐོབ་སྒོ་དབྱེའི་སྤྱོད་འཐུས་ཀྱི་གསལ་ཐོ་ཐོག་མ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2023-06-27

    མཚོ་སྔོན་ཞིང་ཆེན་གྱི་ཁེ་བེད་བདག་ཐོབ་བརྗེ་སྒྱུར་ལག་བསྟར་ལ་རམ་འདེགས་བྱས་ནས་ཁེ་བེད་བདག་ཐོབ་སྒོ་དབྱེའི་སྤྱོད་འཐུས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཞིང་ཆེན་དེའི་སྒོ་དབྱེའི་སྤྱོད་འཐུས་ཁེ་བེད་བདག་ཐོབ་ཀྱི་ཆ་འཕྲིན་ཐོག་མ་ཁྱབ་བསྒྲགས་བྱས་པ་ལས་ཞིང་ཆེན་ནང་ཁུལ་གྱི་ཚན་ཞིབ་ཁང་གཉིས་ཀྱི་ཁེ་བེད་བདག་ཐོབ་རྣམ་གྲངས་60ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁེ་བེད་བདག་ཐོབ་སྒོ་དབྱེའི་སྤྱོད་འཐུས་ལམ་ལུགས་ནི་2021ལོའི་ཟླ་6ཚེས་1ཉིན་ནས་ལག་ལེན་བསྟར་བའི《ཁེ་བེད་བདག་ཐོབ་ཀྱི་བཅའ་ཁྲིམས》ལ་བཟོ་བཅོས་བརྒྱབ་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཁེ་བེད་བདག་ཐོབ་ལག་བསྟར་དང་སྤྱོད་རྒྱུར་སྐུལ་འདེད་གཏོང་བའི་ལམ་ལུགས་སྒྱུར་བཅོས་གལ་ཆེན་ཞིག་ཀྱང་ཡིན། དེ་ནི་སྲོལ་རྒྱུན་གྱི“གཅིག་རོགས་གཅིག”གི་སྤྱོད་འཐུས་བྱེད་སྟངས་དང་མི་འདྲ་བར་སྤྱོད་འཐུས་སྒོ་དབྱེར་བརྟེན་ནས་ཁེ་བེད་བདག་ཐོབ་ཀྱི་དབང་ཆ་འཛིན་མཁན་གྱིས་རང་འགུལ་གྱིས་ཁེ་བེད་བདག་ཐོབ་སྤྱོད་འཐུས་ཀྱི་འདོད་མོས་དང་ཆ་རྐྱེན་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་ལ་ལྕག་སྐུལ་བྱས་ནས་དབང་ཆ་འཛིན་མཁན་ལ་ལྟ་སྟངས་གཅིག་མཚུངས་བཟུང་བ་དང་སྟབས་བདེ་ཞིང་མྱུར་བའི“གཅིག་གཏད་ཕྱོགས་མང”གི་སྤྱོད་འཐུས་ཐུབ་པ་དེས་མཁོ་སྤྲོད་འབྲེལ་མཐུད་ལ་སྐུལ་འདེད་དང་། གྲོས་མོལ་གྱི་ཕན་འབྲས་ཆེ་རུ་གཏོང་བ། ལམ་ལུགས་ལྡན་པའི་ཉོ་ཚོང་གི་མ་གནས་དམའ་རུ་གཏོང་བ་བཅས་ལ་ཕན་པ་ཡོད་པ་རེད།

    མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཁེ་བེད་བདག་ཐོབ་སྒོ་དབྱེའི་སྤྱོད་འཐུས་ལམ་ལུགས་ཞིང་ཆེན་དེ་ཡོངས་སུ་ཁྲིད་སྟོན་དང་། དྲིལ་བསྒྲགས། ཁྱབ་གདལ་བཅས་ཡོང་བར་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཆེད། 《ཁེ་བེད་བདག་ཐོབ་སྒོ་དབྱེའི་སྤྱོད་འཐུས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་བརྡ་ཐོ》བཟོས་ནས་བཀྲམ་པའི་ནང་། གཞུང་ཁོངས་ཁེ་ལས་དང་། མཐོ་སློབ། ཞིབ་འཇུག་ཁང་བཅས་ཀྱིས་རང་འགུལ་གྱིས་ཁེ་བེད་བདག་ཐོབ་ཀྱི་ལག་རྩལ་སྒོ་དབྱེར་རྒྱབ་སྐྱོར་བྱས་ཏེ་ཁེ་ལས་འབྲིང་ཆུང་གིས་ལག་རྩལ་སྦྱོང་བའི་ཚད་བཀག་དམའ་རུ་གཏོང་རྒྱུ་ཁ་གསལ་བསྟན་པ་མ་ཟད། གྲོང་ཁྱེར་དང་ཀྲོའུ་ཡི་ཁྲོམ་ར་ལྟ་འདོམས་སྡེ་ཚན་ལ་མཐུན་སྦྱོར་དང་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་ཁེ་བེད་བདག་ཐོབ་སྒོ་དབྱེའི་སྤྱོད་འཐུས་ལམ་ལུགས་ཞིང་ཆེན་དེ་ཡོངས་སུ་དོན་འཁྱོལ་གནད་སྨིན་ཡོང་བར་རྩེ་རིམ་གྱི་ཇུས་འགོད་ཡག་པོ་བྱེད་དགོས་པའི་བླང་བྱའང་བཏོན་ཡོད། དེ་དང་ཆབས་ཅིག 《མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་གི་ཆེད་དངུལ་དོ་དམ་བྱ་ཐབས》ནང་དུ། ཁེ་ལས་འབྲིང་ཆུང་གིས་ཞིང་ཆེན་དེའི་མཐོ་སློབ་དང་། ཚན་ཞིབ་ཁང་། གཞུང་ཁོངས་ཁེ་ལས་བཅས་ཀྱི་ཁེ་བེད་བདག་ཐོབ་ཀྱི་ལག་རྩལ་གཞན་སྒྱུར་དང་བརྗེ་སྒྱུར་བྱས་རིགས་ལ་ལག་རྩལ་གན་རྒྱ་འཇོག་ཐེངས་རེར་སྒོར་ཁྲི་2ལས་མི་ཉུང་བའི་ཁ་གསབ་རོགས་སྐྱོར་བྱས་ནས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་ཁེ་བེད་བདག་ཐོབ་ཀྱི་ལག་རྩལ་མ་གནས་དམའ་རུ་གཏོང་རྒྱུ་མ་ཟད། ཁེ་བེད་བདག་ཐོབ་སྒོ་དབྱེའི་སྤྱོད་འཐུས་ཆ་འཕྲིན་གཅིག་སྡུད་ཐོག་ཁྱབ་བསྒྲགས་དང་ཉོ་ཚོང་ཞབས་ཞུའི་ལས་སྟེགས་བསྐྲུན་པ་དང《མཚོ་སྔོན་ཞིང་ཆེན་གྱི་ཁེ་བེད་བདག་ཐོབ་སྒོ་དབྱེའི་སྤྱོད་འཐུས་ཚོད་ལྟ་དང་ལེན་སྒྲུབ་གཉེར་གྱི་ཕྱོགས་སྟོན》ཞེས་པ་རྩོམ་འབྲི་བྱས་ནས་ཁེ་བེད་བདག་ཐོབ་ཀྱི་དབང་ཆ་འཛིན་མཁན་ལ་སྒོ་དབྱེའི་སྤྱོད་འཐུས་ཀྱི་ལས་རིམ་ཧྲིལ་པོའི་ཞབས་འདེགས་ཞུ་རྒྱུ་ཡིན་པ་ཁ་གསལ་བསྟན་ཡོད། ཁེ་བེད་བདག་ཐོབ་སྒོ་དབྱེའི་སྤྱོད་འཐུས་རྣམ་གྲངས་གཅིག་སྡུད་བསྡུ་རུབ་བྱས་ནས་ཞིང་ཆེན་གྱི་བཟོ་འཕྲིན་ཐིང་དང་མཉམ་དུ“ཆེད་ལས་དང་། སྤུས་དག དམིགས་བསལ། གསར་པ་བཅས་ལྡན་པའི”ཁེ་ལས་འབྲིང་ཆུང་གི་ཤེས་བྱའི་བདག་དབང་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐོག་མ་དང་ཁེ་བེད་བདག་ཐོབ་གཞན་སྒྱུར་དང་བརྗེ་སྒྱུར་འབྲེལ་མཐུད་ཀྱི་འདུ་ཚོགས་ཐེངས་དང་པོ་འཚོགས་ནས་ཁེ་བེད་བདག་ཐོབ་སྒོ་དབྱེའི་སྤྱོད་འཐུས་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།