རང་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།
ཉེ་བའི་ལོ་ཤས་རིང་། མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིར་དངུལ་ལོར་སྲིད་ཇུས་བརྟན་པོ་ལག་བསྟར་ཡག་པོ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཡག་པོ་ཞུས་པས་དངུལ་རྩའི་སྒྲིག་གཞིས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། བསྡོམས་རྩིས་ལ་གཞིགས་ན། ཟླ་5པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་5710.34ཟིན་པ་ལོ་འགོ་ལས་སྒོར་དུང་ཕྱུར་293.98མང་དུ་ཕྱིན་ནས་5.43%འཕར་ཡོད། དུས་མཚུངས་ལས་སྒོར་དུང་ཕྱུར་446.23འཕར་ནས་8.48%འཕར་བ་དང་། དུས་མཚུངས་ཀྱི་འཕར་ཚད་ལོ་བཞི་ཙམ་རིང་གི་འཕར་ཚད་མཐོ་ཤོས་བཏོད་ཡོད་པ་རེད།