དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཞིང་པར་ས་ཆ་དེ་རང་དུ་དེང་རབས་ཀྱི་ཤེས་དཔལ་འཚོ་བ་སྐྱེལ་དུ་འཇུག་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2023-06-26

    སྒོ་ར་དང་སྲང་ལམ་གཙང་ཞིང་། གྲོང་ཚོའི་རྣམ་པ་དེ་བས་ཡིད་དུ་འོང་བ། རིག་གནས་ཐང་ཆེན་འཁྲུག་ཆ་དོད་པ། ཞིང་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པ། ཁྱད་ལྡན་རིག་གནས་ཡུལ་སྐོར་ངོ་མཚར་ཤིན་ཏུ་ཆེ་བ། གྲོང་གསེབ་ཀྱི་ཡུལ་སྐོར་ལས་རྣམ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བཅས་ཀྱི་དགའ་འོས་པའི་རྣམ་པས། “དཔེ་སྟོན་གྲོང་ཚོ་སྟོང་དང་གྲོང་ཚོ་ཁྲིར་བཅོས་སྒྲིག”ལས་གྲྭར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པར་དཔང་པོ་བྱས་ཡོད།

    2003ལོའི་ཟླ་6པར། སྐབས་དེ་དུས་ཀྱི་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཞི་ཅིན་ཕིང་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་གནང་བའི་རྨང་གཞིའི་ཐོག་དུས་གནས་རྟོག་དཔྱོད་དང་གཟིགས་རྒྱང་རིང་པོས“དཔེ་སྟོན་གྲོང་ཚོ་སྟོང་དང་གྲོང་ཚོ་ཁྲིར་བཅོས་སྒྲིག”ལས་གྲྭ(གཤམ་དུ“ལས་གྲྭ་ཁྲི་སྟོང”ཞེས་བསྡུ་རྒྱུ)ལག་བསྟར་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་གནང་བ་རེད། ལོ་20ཡི་རིང་། ཀྲེ་ཅང་གིས“ལས་གྲྭ་ཁྲི་སྟོང”རྒྱུན་སྲིང་ལྷོད་མེད་ངང་ལག་བསྟར་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་ཚན་རིག་དང་མཐུན་པའི་ཐབས་ལམ་འཚོལ་ཞིབ་བཅས་བྱས་པར་བརྟེན། མཛེས་སྡུག་ལྡན་པའི་གྲོང་གསེབ་ཁྲི་སྟོང་བསྐྲུན་པ་དང་ཞིང་པ་མང་ཚོགས་ཁྲི་སྟོང་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། མཛེས་སྡུག་ལྡན་པའི་སྐྱེ་ཁམས་དང་། མཛེས་སྡུག་ལྡན་པའི་དཔལ་འབྱོར། མཛེས་སྡུག་ལྡན་པའི་འཚོ་བ་བཅས་མཉམ་འདྲེས་ལ་སྐུལ་མ་ནུས་ལྡན་ཐེབས་ཏེ“གྲོང་ཚོ་སྟོང་འབྱུང་འགྱུར་ཕྱོགས་སུ་སྐྱོད་པ་དང་། གྲོང་ཚོ་ཁྲི་ཐུན་མོང་འབྱོར་ཕྱུག་ལམ་དུ་སྐྱོད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ལ་སྐུལ་འདེད། ས་ཁོངས་ཧྲིལ་པོའི་འཆམ་མཐུན་གཏོད་པ”བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་རིམ་གྱིས་གྲུབ་ཡོད།

    གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་སྡོད་མལ་ལ་འཚམ་པའི་གྲོང་གསེབ་སྐྲུན་པ་ནི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བའི་ལས་འགན་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲེ་ཅང་ཞིང་ཆེན་གྱིས་སྤེལ་བའི‘དཔེ་སྟོན་གྲོང་ཚོ་སྟོང་དང་གྲོང་ཚོ་ཁྲིར་བཅོས་སྒྲིག’གི་ལས་གྲྭའི་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་དང་འབྲེལ་ཁྱབ་གདལ་གཏོང་དགོས”ཞེས་ནན་བཤད་གནང་ཡོད་ལ། “གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྐྱོང་གི་ལས་དོན་དར་རྒྱས་ཆེ་བའི་ས་ཁུལ་ཡིན་ནའང་འདྲ་ཡང་ན་དར་རྒྱས་འགོར་བའི་ས་ཁུལ་གང་ཞིག་ཡིན་རུང་ཚང་མར་སྤེལ་དགོས། འོན་ཀྱང་ཚད་གཞིར་མཐོ་དམན་ཡོད་ཆོག”ཅེས་གསུང་གནང་བ་མ་ཟད། “གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་ཚད་དང་། སྤྱི་པའི་ཞབས་ཞུ་སྟབས་བདེ་ཚད། སྡོད་མལ་ཁོར་ཡུག་སྐྱིད་ཚད་བཅས་མཐོ་རུ་བཏང་ནས་ཞིང་པར་ས་ཆ་དེ་རང་དུ་དེང་རབས་ཤེས་དཔལ་གྱི་འཚོ་བ་སྐྱེལ་དུ་འཇུག་དགོས་པའི”བླང་བྱ་ཡང་བཏོན་གནང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དུ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་གནང་ཡོད་ལ། “སྡོད་མལ་དང་ལས་གཏོད་ལ་འཚམ་པའི་ཞི་མཐུན་གྲོང་གསེབ་སྐྲུན་དགོས་ལུགས”ཀྱང་བཏོན་ཡོད། “ལས་གྲྭ་ཁྲི་སྟོང”གི་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་ནས་ཁྱབ་གདལ་དང་། སློབ་སྦྱོང་། བེད་སྤྱོད་བཅས་ཡག་པོ་བྱས་ཏེ་དེ་བས་ནུས་ལྡན་གྱི་བྱ་ཐབས་ལ་བརྟེན་ནས་སྟོབས་ཤུགས་དེ་བས་ཆེ་བ་གཅིག་ཏུ་བསྡུ་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་བཏང་སྟེ་ཞིང་ལས་ཀྱི་སྤུས་མཐོ་ཕན་འཕར་དང་། གྲོང་གསེབ་ཀྱི་སྡོད་མལ་དང་ལས་གཏོད་ལ་འཚམ་པ། ཞིང་པ་ཕྱུག་འགྱུར་བཅས་ལ་སྐུལ་འདེད་གཏོང་དགོས།

    མི་སེར་ལ་འཚོ་བ་སྐྱིད་པོ་སྐྱེལ་དུ་འཇུག་པ་ནི་རང་རེའི་ཏང་གི་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་འབབ་ས་ཡིན། ཀྲེ་ཅང་གིས“ལས་གྲྭ་ཁྲི་སྟོང”ལ་སྐུལ་འདེད་གཏོང་སྐབས། ཐོག་མཐའ་བར་གསུམ་དུ་ཞིང་པ་མང་ཚོགས་ཀྱི་བདེ་རྩ་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་རྩ་བའི་གཞི་འཛིན་སར་བརྩིས་ནས་ཞིང་པ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་བདེ་ཐང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྐྱེ་ཁམས་སྡོད་མལ་དང་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཡག་པོ་བསྐྲུན་ནས་གྲོང་གསེབ་དར་རྒྱས་གཏོང་རིང་རྒྱ་ཆེའི་ཞིང་པ་ཚོར་ཐོབ་སྣང་དང་སྐྱིད་སྣང་དེ་བས་མང་པོ་འཆར་བར་བྱེད་དགོས”ཞེས་གསུངས་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་དམངས་ཀྱི་རེ་འབོད་ལ་ང་ཡིས་བརྡ་ལན་ཞུ་བ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་བའི་ཁ་ཚ་དགོས་གཏུགས་དང་ཞིང་པའི་བསམ་འཆར་ཆེ་ཤོས་ཀྱི་དོན་དངོས་གནད་དོན་ཟམ་མི་ཆད་པར་ཐག་གཅོད་ཡག་པོ་བྱས་ནས་ཞིང་པའི་ཡོང་འབབ་སྔར་བས་མང་དུ་གཏོང་བ་དང་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ་ཞིང་པ་དང་གྲོང་གསེབ་ཐུན་མོང་འབྱོར་ཕྱུག་ལ་དེ་བས་མངོན་གསལ་གྱི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

    སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་སྔར་བཞིན་གྲོང་གསེབ་ཏུ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་ལས་དང་གྲོང་གསེབ་ཀྱི་དེང་རབས་ཅན་མེད་ན། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ནི་ཆ་མི་ཚང་བ་ཞིག་རེད”ཅེས་བསྟན་ཡོད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་འབད་འབུངས་བྱེད་པར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཡིད་ཆེས་བརྟན་པོ། ངར་ཤུགས་གཅིག་སྒྲིམ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་ལྟེ་བ“ཞིང་གསུམ”ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ཏེ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཚེ། ང་ཚོས་སྡོད་མལ་དང་ལས་གཏོད་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཡག་པོ་སྐྲུན་ཐུབ་ཅིང་། ཞིང་པར་ས་ཆ་དེ་རང་དུ་དེང་རབས་ཀྱི་ཤེས་དཔལ་འཚོ་བ་སྐྱེལ་དུ་འཇུག་ཐུབ་པ་མ་ཟད། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ཡང་སྐུལ་མ་ཐེབས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་ཆེད་འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་ཆེད་རྨང་གཞི་བརྟན་པོ་འདིང་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།