དབུ་ཤོག
  • རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ།

    ​ འབྲུ་རིགས་ཐོན་འབབ་ཏུན་ཁྲི་100ཡན་ཟིན་པའི་འགན་ལེན་ཏན་ཏིག་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-26

     ཉེ་ཆར་གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོ་རང་ལྗོངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། རྨོ་ཞིང་སྲུང་སྐྱོང་དང་། ཐོན་ནུས་མཐོར་གཏོང་། འབྲུ་རིགས་འཁོར་རྒྱུག དཔྱད་ཞིབ་ལ་ཤུགས་སྣོན་སོགས་ཀྱི་གཙོ་གནད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་2023ལོའི་རང་ལྗོངས་ཀྱི་འབྲུ་རིགས་བདེ་འཇགས་ཏང་སྲིད་འགན་འཁྲི་མཉམ་ཁུར་གྱི་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་བཞིན་ཡོད་པ་རེད།

    2023ལོར་རང་ལྗོངས་ཀྱིས་ཆེས་ནན་ཤོས་ཀྱི་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱས་ནས་ས་ཞིང་དབང་ཚད་དང་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་གི་རྒྱ་ཁྱོན་གྱི་དམར་ཐིག་བརྟན་སྲུང་བྱས་ཏེ་ལྗོངས་ཡོངས་ཀྱི་ས་ཞིང་དབང་ཚད་དང་ཡུན་གནས་ཀྱི་གཞི་རྩའི་ས་ཞིང་གི་འཆར་འགོད་གཤམ་སྤྲོད་ཀྱི་ལས་འགན་འགན་ལེན་བྱེད་པ་དང་། རྨོ་ཞིང་སྲུང་སྐྱོང་ཐད་ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་གྱི་བླང་བྱ་དོན་འཁྱོལ་བྱས་ནས་རིམ་པ་བཞིན་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ཡི་གེ་འཇོག་པ། རྨོ་ཞིང་གི་སྤུས་ཚད་མཐོར་གཏོང་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་རྣམ་གྲངས་དང་རྨོ་ཞིང་གི་སྤུས་ཚད་འགྱུར་ལྡོག་འགྲོ་ཚུལ་ལ་རྒྱུན་མཐུད་རྗེས་སྙེག་བྱེད་པ་དང་། རྗེས་མཐུད་ལུད་སྣོན་ལ་ཤུགས་སྣོན་རྒྱག་པ། རྨོ་ཞིང་གི་ས་རྒྱུ་གཤིན་ཚད་བརྟན་པོའི་ངང་ཆེ་རུ་གཏོང་བ་བཅས་བྱེད་པ། 2023ལོའི་རང་ལྗོངས་ཀྱི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་རྣམ་གྲངས་ཀྱི་གསར་སྐྲུན་ལས་འགན་མུའུ་ཁྲི་21དང་སྒྱུར་བཀོད་རིམ་སྤོར་མུའུ་ཁྲི་39བྱེད་རྒྱུ་བཅས་རེད།

    “འབྲུ་རིགས་བརྟན་པོ་དང་། འབྲོག་ལས་དར་རྒྱས། ཁྱད་ལྡན་ཤུགས་ཆེ”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། འདི་ལོ་རང་ལྗོངས་ཀྱིས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་བཏང་སྟེ་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་280ཡན་ཟིན་པའི་འགན་ལེན་བྱེད་རྒྱུ(ནས་འདེབས་ཁྱོན་མུའུ་ཁྲི་220ཡན་བརྟན་པོ་ཡོང་བ་བྱེད་རྒྱུ)དང་། འབྲུ་རིགས་ཐོན་ཚད་ཏུན་ཁྲི་100ཡན་ཟིན་པ(ནས་ཀྱི་ཐོན་ཚད་ཏུན་ཁྲི་84ཟིན་པ)བརྟན་པོ་ཡོང་བ་བྱེད་རྒྱུ་རེད། ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་མུའུ་ཁྲི་5.66བསྐྲུན་ནས“ཧི་མ་ལ་ཡ་ནས་ཨང་22”དང“བོད་ནས་ཨང་2000”“བོད་ནས་ཨང་3000”སོགས་ནས་ཀྱི་སོན་བཟང་མུའུ་ཁྲི་209.8ཁྱབ་གདལ་བཏང་སྟེ་ནས་ཀྱི་སོན་བཟང་ཁྱབ་ཚད་93%ཟིན་རྒྱུའི་བརྩོན་ལེན་བྱེད་རྒྱུ་རེད། ལྗང་མདོག་གི་སྤུས་འབོར་གཉིས་གསར་གཏོད་དང་། ས་རྒྱུར་དཔག་པའི་རྫས་ལུད་རྒྱག་པ། ནད་འབུའི་གནོད་འཚེ་མཉམ་འགོག་མཉམ་བཅོས་སོགས་གཙོ་གནད་ཞིང་ལས་ཚན་རྩལ་རྣམ་གྲངས་ལག་བསྟར་བྱས་ནས་ཞིང་ལས་སྐྱེ་དངོས་གཙོ་བོའི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་འགྱུར་རྒྱུའི་སྐུལ་གཏོང་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ། འབྲུ་རིགས་སྐྱེ་དངོས་གཙོ་བོའི(ནས)རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་70%ཟིན་པ་བྱེད་རྒྱུ་རེད།

    2023ལོར་རང་ལྗོངས་ཀྱིས་ལྗོངས་ཕྱིའི་འབྲུ་རིགས་ཐོན་སྐྱེད་གྲབས་གསོག་རྟེན་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། ས་གནས་ཀྱི་གྲབས་གསོག་འབྲུ་རིགས་ཆ་འཕྲིན་ཅན་གྱི་དོ་དམ་ཕྱོགས་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་བ་དང་། འབྲུ་རིགས་མཛོད་ཉར་དང་ཟོག་འགྲེམས་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ལྗང་མདོག་འབྲུ་རིགས་གསོག་འཇོག་གི་ལག་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ས་གནས་ཀྱི་གྲབས་གསོག་གཞི་ཁྱོན་ཏུན་ཁྲི་16ཟིན་པ་བྱེད་རྒྱུ། འབྲུ་སྣུམ་གྱི་ཁེ་ལས་གཙོ་བོའི་ཚོང་རྟགས་གྲགས་ཅན་གསོ་སྐྱོང་རིགས་དབྱེ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁོངས་ཀྱི་འབྲུ་སྣུམ་ས་ཁམས་མཚོན་རྟགས་སམ་ས་ཁོངས་ཀྱི་ཚོང་རྟགས་གྲགས་ཅན་ལ་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།