དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འདི་ག་ཚགས་པར་གྱི་གསར་འགོད་པས་ལྗོངས་མི་རིགས་ལས་དོན་ཨུ་ལྷན་དང་མཉམ་དུ་གཞི་རིམ་དུ་བསྐྱོད་དེ་བརྟག་ཞིབ་བཅར་འདྲི་བྱས་ནས་རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་འཕེལ་རིམ་དང་ཕན་འབྲས་ཉམས་ལེན་གཏིང་ཟབ་བྱེད་པ།

    མི་རིགས་ཁག་གི་མི་དམངས་ཇ་ཚྭ་བཞིན་བརྩེ་སེམས་ལྷག་པར་ཟབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-06-26

    “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”དང་། “བོད་ཀྱི་ལས་དོན་སྒྲུབ་སྐབས་ངེས་པར་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཞི་འཛིན་ས་དང་ཤུགས་རྒྱག་སར་བྱེད་དགོས”“བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས”ཞེས་པ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མི་རིགས་མཐུན་སྒྲིལ་དེ་བོད་ཀྱི་སྤྱི་ཡོངས་ལས་དོན་གྱི་དམིགས་བསལ་གནས་བབ་ཐོག་འཇོག་གནང་བ་དང་། བོད་ཀྱི་མི་རིགས་ལས་དོན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ། ང་ཚོས་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    བརྟག་ཞིབ་དང་བཅར་འདྲི་བྱེད་སྐབས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་འཆང་བཞིན་ལྷག་བསམ་རྣམ་དག་གིས་མཉམ་ལས་དང་ཕན་ཚུན་རོགས་རེས་བྱས་ཏེ། རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་ཀྱིས་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མཉམ་དུ་འཛུགས་སྐྲུན་བྱེད་བཞིན་པ་གསར་འགོད་པས་མིག་མཐོང་ལག་ཟིན་བྱུང་། 

    སེམས་མཐུན་སྟོབས་སྒྲིལ་གྱིས“གྲམ་ཐང”“གསེར་ཐང”ལ་འགྱུར་བར་བྱས་པ།

    གོང་དཀར་རྫོང་གྲོང་ནས་སྐར་མ་30ལྷག་ཙམ་བསྐྱོད་རྗེས་ང་ཚོ་ཡར་ཀླུང་གཙང་པོའི་བྱང་ངོས་སུ་ཆགས་པའི་སྐྱིད་གཤོངས་གྲོང་རྡལ་སླེའུ་ཆུང་གྲོང་ཚོར་སླེབས་བྱུང་།

    དབྱར་དུས་ཀྱི་སླེའུ་ཆུང་གྲོང་ཚོ་ནི་མཛེས་ཤིང་ལྟ་ན་སྡུག་ལ་ཁུ་སིམ་དབེན་འཇམ་ཞིག་ཡོད་པ་དང་། ལམ་ངོགས་སུ་སྟར་པ་བསྒྲིགས་ནས་བཙུགས་པའི་བོད་ཀྱི་སྦྱར་དཀར་དག་ནི་ལྗང་མདོག་གི་ཉི་གདུགས་ཆེན་པོ་ཞིག་ཕུབ་པ་དང་འདྲ་བ། ཤང་ཤང་རྒྱུག་པའི་ཆུ་ཕྲན་ཞིག་གྲོང་ཚོའི་དབུས་ནས་དལ་བུར་རྒྱུག་བཞིན་མཆིས། གྲོང་མི་མི་ཉུང་བ་ཞིག་གིས་རང་གི་སྡོད་ཁང་དམངས་སྲོལ་གནས་ཚང་དུ་མཛེས་བཟོ་བྱས་ཡོད་པ་དང་། ལ་ལས་སྒོ་ར་རང་འགྲིག་གི་ཐོག་བརྩེགས་ཅན་གྱི་ཁང་པ་བརྒྱབ་ཡོད་པ། ཁག་གཅིག་གིས་ཉི་གཡབ་ཡོད་པའི་ལྗོངས་གཟིགས་ཁང་བརྒྱབ་ཡོད། བོད་ལུགས་ཀྱི་མཛེས་བཟོ་བྱས་པའི་ཁང་པ་དེ་དག་གཙང་ཞིང་གྲལ་འགྲིག་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད།

    སླེའུ་ཆུང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་སྤེན་པ་ཚེ་རིང་གིས“དེ་སྔ་ང་ཚོའི་གྲོང་ཚོའི་ས་ཆ་གང་སར་བྱེ་མས་ཁེངས་ཡོད། བྱེ་རླུང་ལྡང་བའི་དུས་སུ་ཚང་མ་སྒྲིབ་ནས་གང་ཡང་མཐོང་རྒྱུ་མེད་པ་མ་ཟད། ཞིང་འབྲོག་ལས་འཕེལ་རྒྱས་རྗེས་ལུས་ཡིན་པ་དང་གྲོང་མིའི་ཡོང་འབབ་ཧ་ཅང་དམའ་པོ་རེད། ཕྱིས་སུ་བོད་སྐྱོར་ལས་དོན་རུ་ཁག་སླེབས་ནས་ཚང་མ་དང་མཉམ་དུ་དཀའ་སྤྱད་འབད་འཐབ་བྱས་ཏེ། གྲོང་ཚོ་མཉམ་འགུལ་རྣམ་པའི་བོད་ཀྱི་རིག་གནས་མྱོང་རོལ་གྱི་ཡུལ་སྐོར་གྲོང་ཚོར་བཏོད་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    2020ལོར་ཁྲང་ཧྲ་གྲོང་ཁྱེར་གྱི་ཤང་ཅང་ཚོགས་པའི་ཁག་དགུ་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་སླེའུ་ཆུང་གྲོང་ཚོར་མ་དངུལ་བཏང་ནས་ཕྱོགས་བསྡུས་རིག་གནས་ཡུལ་སྐོར་ཐོན་ལས་དང་གྲོང་ཚོའི་ཁོར་ཡུག་གི་སྤུས་ཚད་མཐོར་གཏོང་འཛུགས་སྐྲུན་རྣམ་གྲངས་ཆེན་པོ་གཉིས་ལག་ལེན་བསྟར་བ་རེད།

    “བོད་སྐྱོར་ལས་དོན་རུ་ཁག་གིས་ཚང་མ་དང་མཉམ་དུ་ཤིང་འཛུགས་བྱེ་བཅོས་བྱས་ནས་གྲོང་ཚོའི་ཁོར་ཡུག་མཛེས་སུ་བཏང་བ་མ་ཟད། ད་དུང་ཡུལ་བབ་དང་བསྟུན་ནས་གྲོང་མིའི་བེད་མེད་ཁང་པ་རྙིང་པ་རྣམས་དམངས་སྲོལ་གནས་ཚང་དུ་སྒྱུར་བཀོད་བྱས་ཏེ་གཞི་རྒྱ་ཆེ་བའི་བྱེ་ཐང་དེ་ས་དབྱིབས་ཆ་ཚང་བའི་བྱེས་བགྲོད་སྦག་སྦག་གཏོང་སའི་སྒར་སར་བསྐྲུན་ནས། ནགས་ཚལ་ཡུལ་སྐོར་བས་དགའ་ཤོས་བྱེད་པའི་གླིང་ཁ་བཟོས་ཡོད”ཅེས་སྤེན་པ་ཚེ་རིང་གིས་བཤད་ཅིང་། ཁོང་གིས“བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་དང་ཁྲིད་སྟོན་མེད་ན། ཡར་ངོའི་ཟླ་ལྟར་འཕེལ་བའི་སླེའུ་ཆུང་གྲོང་ཚོའི་ད་ཆའི་འཕེལ་རྒྱས་ཡོད་མི་སྲིད། ཚང་མས་སེམས་གཏིང་ནས་བཀའ་དྲིན་ཚོར་བ་མ་ཟད། མཐུན་སྒྲིལ་འབད་འཐབ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དེ་བས་ཚོར་གྱི་ཡོད”ཅེས་སེམས་འགུལ་ཐེབས་བཞིན་དུ་བཤད།

    “སྲིད་གཞུང་དང་། ཁེ་ལས། གྲོང་ཚོའི་མཉམ་སྡེབ་བཅས་ཟུང་དུ་འབྲེལ་བའི”གཉེར་སྐྱོང་བྱེད་ཐབས་བརྒྱུད་གྲོང་མི་མི་ཉུང་བ་ཞིག་ལ་སྒར་ས་དང་གླིང་ཁ་ནས་ལས་ཀ་རག་པ་མ་ཟད། ད་དུང་གྲོང་མི་ཁག་གཅིག་གིས་དམངས་སྲོལ་གནས་ཚང་གཉེར་བས་རང་ཁྱིམ་གྱི་སྒོ་འགྲམ་ནས་ཡོང་འབབ་གསོག་ཐུབ་ཀྱི་ཡོད། 2022ལོར་སླེའུ་ཆུང་གྲོང་ཚོའི་གྲོང་མི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་20596ཟིན་ནས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“འབྱོར་ཕྱུག་གྲོང་ཚོར”གྱུར་ཡོད།

    རིག་གནས་ལས་སྟེགས་བསྐྲུན་པས་གྲོང་གསེབ་ཀྱི་ཡུལ་སྐོར་འཁྲུག་ཏུ་ཕྱིན་པ།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་སྐྱོད་སྐབས་བོད་བཟོའི་ཐོག་བརྩེགས་ཁང་པ་སྟར་པ་རེ་རེ་བཞིན་གྲལ་སྟར་འགྲིག་པོར་གནས་པ་དང་གྲོང་ཚོའི་ལྗོན་གྲིབ་ལམ་ཆུང་དུ་པར་རྒྱག་མཁན་གྱི་ཡུལ་སྐོར་བས་ཁེངས་འདུག

    བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ལ་བོད་ཀྱི“ལྷ་མོའི་གྲོང་ཚོ་དང་པོ”ཞེས་བརྗོད་ཀྱི་ཡོད། 2006ལོའི་ཟླ་12པར་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་ཡོད།

    ཉེ་བའི་ལོ་ཤས་རིང་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་སྔོག་འདོན་གང་ལེགས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་དམ་པོར་དམིགས་པ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས“མངོན་མིན་རིག་གནས་ཤུལ་བཞག་དང་གྲོང་གསེབ་ཀྱི་ཡུལ་སྐོར་ཟུང་དུ་འབྲེལ་བའི”འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།

    “ང་ཚོའི་འདི་གར་ཚང་མས་ལྷ་མོ་འཁྲབ་ཤེས་པ་མ་ཟད། ལྷ་མོ་ལྟ་རྒྱུར་ཡང་དགའ་པོ་ཡོད” འདི་ལོ་ལོ་51ལ་སླེབས་པའི་ཉི་མ་ཚེ་རིང་གིས་ལོ་16ནས་དགེ་རྒན་བསྟེན་ཏེ་ལྷ་མོ་སྦྱངས་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་ཁོང་གིས་ཉིན་ལྟར་གཞོན་ནུ་ཚོས་ལྷ་མོ་ནང་སྦྱོང་བྱེད་པར་མཛུབ་ཁྲིད་བྱེད་ཀྱི་ཡོད། ཉི་མ་ཚེ་རིང་གིས“ལྷ་མོ་ནི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་མཚོན་བྱེད་ཅིག་ཡིན་ལ། ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། ལྷ་མོ་སྲུང་སྐྱོང་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱས་ནས་ཡུལ་སྐོར་བ་དེ་བས་མང་བས་ལྷ་མོར་རྒྱུས་མངའ་ཡོང་བར་བྱས་ཚེ་མང་ཚོགས་ཕྱུག་འགྱུར་ལ་སྐུལ་ཁྲིད་ཐུབ་པ་མ་ཟད། ད་དུང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པར་ཕན་ཐོགས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་བས་བརྟན་པོ་འཛུགས་པར་ཡང་ཕན་ཐོགས་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ། གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་བཅས་གཏོང་ཆེད། ལོ་འདི་དག་རིང་ཉི་མ་ཚེ་རིང་གིས་ལྷ་མོའི་རྒྱུན་འཛིན་པ་30བསྐྱངས་ཡོད།

    “ད་ཆ་ང་ཚོས་མཚན་མོ་ཡུལ་སྐོར་བར་ལྷ་མོ་འཁྲབ་སྟོན་བྱེད་པ་མ་ཟད། ད་དུང་མེ་ཕུང་དགོང་ཚོགས་གཉེར་ནས་ཡུལ་སྐོར་བས་བོད་ཀྱི་རིག་གནས་མྱོང་རོལ་ཐུབ་པར་བྱེད་ཀྱི་ཡོད། ང་ལྷ་མོ་འཁྲབ་རྒྱུར་ཧ་ཅང་དགའ་པོ་ཡོད། ལྷ་མོ་འཁྲབ་རྒྱུ་ནི་དགའ་འོས་པའི་བྱ་བ་ཞིག་རེད”ཅེས་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་ཚོགས་པའི་འཁྲབ་སྟོན་པ་ཟླ་བ་སྒྲོལ་མས་བཤད།

    མངོན་མིན་རིག་གནས་ཤུལ་བཞག་དང་གྲོང་གསེབ་ཡུལ་སྐོར་ཟུང་འབྲེལ་བྱས་པས་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་ཡོད།

    རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་བརྟག་ཞིབ་ཚོགས་ཆུང་གི་ཁོངས་མི་པད་མ་རྣམ་རྒྱལ་གྱིས“ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་གསར་སྤེལ་བེད་སྤྱོད་ཟུང་འབྲེལ་ནུས་ལྡན་བྱས་ནས། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་རིག་གནས་བྱེད་སྒོར་བརྟེན་ནས་རིག་གནས་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། ཐོན་ལས་དར་རྒྱས། གྲོང་གསེབ་དར་རྒྱས་བཅས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཐོན་པར་བྱས་ཡོད”ཅེས་ངོ་སྤྲོད་བྱས།

    ཕྱོགས་གང་ས་ཅི་ཐད་ནས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་པོ་ཡོད་ལུགས་མངོན་པ།

    གྲ་ནང་རྫོང་གྲ་ཐང་དགོན་པའི་ཚོགས་ཆེན་འདུ་ཁང་ནང་ཡོད་པའི་ལོ་940གོང་རོལ་གྱི་ལྡེབས་རིས་ལས་བོད་རྒྱའི་རིག་གནས་སྤེལ་རེས་ཀྱི་རྩ་ཆེའི་དཔྱད་གཞི་ཉར་ཚགས་བྱས་ཡོད་པ་དང་།

    ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་ནང་བྱ་དགའ་རིམ་པ་དང་པོ་ཐོབ་མཁན་སླེའུ་ཆུང་གྲོང་ཚོའི་གྲོང་མི་ཚེ་རིང་འབྱོར་ལྡན་གྱིས་དམངས་སྲོལ་གནས་ཚང་ཉམས་ལེན་ཁང་བཙུགས་ནས་ས་གནས་ཁག་གི་ཡུལ་སྐོར་བ་དང་རྒྱ་སྐད་ཐོག་ནས་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།

    ཟངས་རི་རྫོང་སློབ་འབྲིང་གི་སློབ་གྲྭའི་ནང་གི《ལའོ་ཙེའི་གསུང་རབ》ཀྱི་ཟངས་སྐུ་ཆེ་གྲས་ལས་རྒྱལ་གཅེས་ཀྱི་ས་བོན་ཕྲུ་གུ་ཚང་མའི་སེམས་ཀྱི་ཞིང་སར་བཏབ་པ།

    གོང་དཀར་རྫོང་གི་མི་རིགས་མཐུན་སྒྲིལ་གྱི་ཁྲོམ་གཞུང་ཞིག་ནས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་ཟབ་མོ་ཚོར་ཐུབ་པ་སོགས་རེད།

    གཟའ་འཁོར་གཅིག་གི་བརྟག་ཞིབ་དང་བཅར་འདྲི་བྱེད་རིང་གསར་འགོད་པས་ལྷོ་ཁའི་རྫོང་རེ་རེ་དང་། ཚན་པ་རེ་རེ། གྲོང་གསེབ་རེ་རེ་བཅས་དང་ཐ་ན་ཁྱིམ་ཚང་མི་རེ་ངོ་རེས་ཕྱར་བ་གྲུ་འདེགས་བྱས་ནས་གནད་སྨིན་བྱེད་ཐབས་ལ་བརྟེན་ཏེ་ཐོན་ཁུངས་མཐའ་དག་བེད་སྤྱོད་ཀྱིས་རང་བརྟེན་ནུས་པ་འདོན་སྤེལ་བྱས་ནས། མཐུན་སྒྲིལ་དང་། འཕེལ་རྒྱས། དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་བཅས་དོན་གཉེར་བྱེད་བཞིན་པ་མཐོང་བྱུང་ལ། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བཞིན་རང་ཉིད་ཀྱི་མིག་འབྲས་ལ་གཅེས་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ནས། མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་དུས་རབས་གསར་པའི་རྒྱུགས་ཤོག་འབད་འཐབ་ཆེན་པོས་རྩོམ་བཞིན་པའང་མཐོང་བྱུང་།

    ད་ཆ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དང་། མཉམ་སྡོད་དང་། མཉམ་སྦྱོང་། མཉམ་སྒྲུབ། མཉམ་རོལ་བཅས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་རེ་རེ་ས་མཐོའི་ས་གཞི་ཡངས་པོར་འབྲི་བཞིན་ཡོད་པ་དང་། མི་རིགས་ཁག་གི་སྤུན་ཟླས་སྤུན་ཉེ་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།