དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱི་ས་བབ་མཐོ་ཚད་སྨི་5000ཟིན་པའི་ཕ་ཡུལ་ནས་ས་བབ་མཐོ་ཚད་སྨི་3600ཟིན་པའི་སྡོད་གནས་གསར་པའི་བར་སྐྱེ་ཁམས་གནས་སྤོ་ལོ་གསུམ་ལྷག་ཙམ་བྱས་པ།

    བློ་ཟླ་བའི་ཁྱིམ་ཚང་གི་འཚོ་བ་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཞུས་ཡུས་ཡའོ།   |     སྤེལ་དུས།  2023-06-25

    དྲོ་ཞིང་འཇམ་པའི་ས་མཐོའི་ཉི་འོད་འོག་བློ་ཟླ་བ་སྒོ་ཁར་བློ་བདེ་བག་ཕེབས་ངང་ཉི་མ་སྲོ་བཞིན་མཆིས།

    དེ་གར་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་ཡིན་པ་དང་རྒད་པོའི་རྒྱབ་ཏུ་ཡོད་པ་ནི་ལོ་གསུམ་ལྷག་ཙམ་བསྡད་པའི་ལྟ་ན་སྡུག་པའི་ཁང་པ་སེར་པོ་ཐོག་གཉིས་མ་དག་རེད།

    “ལམ་ཐག་ཇི་ལྟར་རིང་ཡང་ང་ཚོ་ཐོན་གྱི་ཡིན”2019ལོའི་ཟླ་12པར་བློ་ཟླ་བའི་ཁྱིམ་ས་བབ་མཐོ་ཚད་སྨི་5000ཟིན་པའི་མཚོ་གཉིས་རྫོང་མཚོ་སྦྲེལ་བྱང་མ་ཤང་ནས་བྲལ་ཏེ་ས་བབ་མཐོ་ཚད་སྨི་3600ཟིན་པའི་སྲིན་བུ་རིར་གནས་སྤོས། ད་ཆ་སྲིན་བུ་རིར་གཞིས་ཆགས་པའི་སྐྱེ་ཁམས་གནས་སྤོས་མང་ཚོགས་ཁྲི་3ལྷག་ཙམ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད། “རྩྭ་ཐང་དང་ནོར་ལུག་ལས་ཁ་འབྲལ་འདོད་མེད་མོད། འོན་ཀྱང་བདེ་ཐང་དང་སྟབས་བདེ་བའི་འཚོ་བ་གསར་པ་ཉིན་བཞིན་ཡག་ཏུ་འགྲོ་བཞིན་ཡོད”ཅེས་བློ་ཟླ་བས་བཤད།

    བློ་ཟླ་བའི་ཁྱིམ་གྱི་རྩིས་ཐོ།

    ནང་མི་དྲུག་པོས་ལོར་ཡོང་འབབ་སྒོར་ཁྲི་10ཙམ་བརྟན་པོའི་ངང་གསོག་ཐུབ་པ།

    ཐག་རིང་ནས་གངས་རི་མུ་ཁྱུད་འཛིན་པ་དང་ཉེ་སའི་རྩྭ་རར་མྱུ་གུ་འབུད་ཅིང་། མཚོ་གཉིས་རྫོང་གི་འབྲོག་རར་བློ་ཟླ་བའི་བུའི་མནའ་མ་ཤེས་རབ་མཚོ་མོས་ཕྱུགས་འཚོ་བཞིན་མཆིས། “ཁྱེད་ཚོ་སྲིན་བུ་རིར་སྤོས་པས་ད་དུང་ཕ་ཡུལ་དུ་ཕྱུགས་འཚོ་དོན་གང་ཡིན་ནམ”ཞེས་གསར་འགོད་པས་དྲིས།“ཕྱུགས་འཚོ་བའི་འཚོ་བ་བློས་གཏོང་ཐུབ་ཀྱི་མི་འདུག་ལ་ལས་ཀ་འདི་ལས་ང་ཚོའི་ཁྱིམ་ལ་ཡོང་འབབ་ཀྱང་མི་དམན་པ་ཡོད་པས་ང་གཉིས་བཟའ་ཚོས་ལོ་རེར་ཟླ་བ་འགའ་ཤས་འདི་གར་ལོག་ནས་འབྲོག་ལས་མཉམ་ལས་ཁང་དུ་ལས་ཀ་བྱེད་ཀྱི་ཡོད”ཅེས་ནོར་ལུག་འཚོ་བཞིན་ཤེས་རབ་མཚོ་མོའི་འདྲེན་བྱེད་དུ་དུང་བ་ཆེན་པོ་མངོན།

    2017ལོར་ཁོང་གནས་ཡུལ་མཚོ་སྦྲེལ་བྱང་མ་ཤང་དུ་འབྲོག་ལས་མཉམ་ལས་ཁང་བཙུགས་པ་དང་གྲོང་མི་ཚོས་རང་ཉིད་ཀྱི་ནོར་ལུག་མ་རྐང་ལ་བཅུག་ཡོད། དེ་རྗེས་གྲོང་ཚོ་ཡོངས་ཀྱི་ཕྱུགས་ཟོག་ལྷས་རར་གཅིག་སྡུད་གསོ་ཚགས་བྱས་པས་གཡོག་བྱེད་ཀྱི་ལས་ཕྱོད་ཆེ་རུ་འགྲོ་བ་མ་ཟད་རྩྭ་རར་སྲུང་སྐྱོང་ཡང་ཐུབ་ཡོད། གྲོང་ཚོའི་དར་མ་ཚོས་རེས་མོས་སུ་ཐོན་སྐྱེད་ལས་དོན་ལ་ཞུགས་ཏེ་ལོ་མཇུག་ཏུ་བགོ་འགྲེམས་རག་གི་ཡོད་པ་རེད།

    “མ་རྐང་ལ་བཅུག་པའི་ནོར་ལུག་དང་ང་གཉིས་བཟའ་ཚོས་ངལ་རྩོལ་ལ་བརྟེན་ནས་ན་ནིང་མཉམ་ལས་ཁང་གིས་བགོ་འགྲེམས་སྒོར་ཁྲི་ལྔ་དྲུག་བརྒྱབ་བྱུང་བ་དེ་ནི་ང་ཚོའི་ཁྱིམ་གྱི་ཡོང་འབབ་ཕལ་ཆེ་བ་དེ་རེད”ཅེས་ཤེས་རབ་མཚོ་མོས་བཤད།

    ལོ་འདི་དག་རིང་གསར་འགོད་པ་སྲིན་བུ་རིར་ཡོད་པའི་བློ་ཟླ་བའི་ཁང་པ་གསར་པར་སྐྱོད་རིམ་བཞིན་རྒད་པོས་ཡོང་འབབ་སྐོར་གླེང་བ་དང་བགོ་འགྲེམས་ཕུད་ཁྱིམ་ཚང་གི་ཡོང་འབབ་གྲས་སུ་ད་དུང་རྩྭ་རའི་ཁ་གསབ་སོགས་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་དང་དེ་བཞིན་ངལ་རྩོལ་ཡོང་འབབ་གཞན་དག་ཡོད་པས་གནས་སྤོས་རྗེས་ནང་མི་དྲུག་པོས་ལོར་ཡོང་འབབ་སྒོར་ཁྲི་10ཙམ་གསོག་ཐུབ་ཀྱི་འདུག་ཅེས་ཞིབ་རྩིས་རྒྱག་གི་ཡོད།

    ཟླ་ཤས་གོང་2023ལོའི་བོད་ཀྱི་ལོ་གསར་བཏང་རྗེས་ཀྱི་མི་རིང་བར་གསར་འགོད་པ་སླར་ཡང་སྲིན་བུ་རིར་བློ་ཟླ་བར་བཅར་འདྲི་བྱེད་པར་འགྲོ་སྐབས་བློ་ཟླ་བའི་ནང་མིས་རྩལ་ནུས་གསར་པ་སྦྱོང་བཞིན་ཡོད་པ་དང་འཚོ་བའི་ཆུ་ཚད་ཀྱང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་ཤེས།

    ལྕོག་ཙེའི་སྟེང་ཞལ་ཏོག་ཙག་ཙིག་དང་ནོར་ལུག་གི་ཤ་བསྒྲིགས་པ་དང་ཤེས་རབ་མཚོ་མོས་སེམས་རྩ་འཁོལ་པོས་སྣེ་ལེན་ཞུས། “འདི་དག་ཚང་མ་མནའ་མས་བཟོས་པ་དང་ལག་རྩལ་ཡང་སྔོན་ཆད་ལས་ཡག་ཏུ་ཕྱིན་འདུག”ཅེས་བློ་ཟླ་བས་བཤད།

    བཀོད་སྒྲིག་བྱ་ཡུལ་དུ་ངལ་རྩོལ་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ་གནས་སྤོས་ཞིང་འབྲོག་པའི་ལས་ཞུགས་ལ་རམ་འདེགས་ཐུབ་ཡོད། ཤེས་རབ་མཚོ་མོས་གོ་སྐབས་དེ་དམ་འཛིན་བྱས་ཏེ་གཡོས་སྦྱོར་སྦྱངས། ད་ཆའི་སྲིན་བུ་རིར་སྡོད་ཁང་གིས་ཁེངས་པ་དང་གང་སར་ཚོང་ཁང་ཡོད་ལ་ཁྱིམ་ནས་རྐང་ཐང་མར་སྐར་མ་བཅུ་ཙམ་སྐྱོད་པའི་སར་ཟ་ཁང་སྟར་པ་གཅིག་ཡོད་པ་དེར་སྲོལ་རྒྱུན་གྱི་བོད་ཟས་ཡོད་པ་མ་ཟད། ད་དུང་སི་ཁྲོན་གྱི་ཚལ་རིགས་ཟ་ཁང་དང་མུ་འབྲེལ་སྤུས་རྟགས་ཀྱི་རྒྱ་ཁོག་ཟ་ཁང་ཡོད་སྟབས། དེ་ལས་ཤེས་རབ་མཚོ་མོའི་མིག་རྒྱང་ཡངས་སུ་སོང་ནས“འཇོན་ཐང་མང་ཙམ་སྦྱངས་ཚེ་ངས་ཀྱང་སླད་ཕྱིན་ཟ་ཁང་ཆུང་ཆུང་ཞིག་བཙུགས་ཏེ་ཡོང་འབབ་གསོག་ཐུབ་ངེས་རེད”ཅེས་བཤད།

    བློ་ཟླ་བའི་ཚ་བོ་བློ་བཟང་བསམ་གཏན།

    རྩིས་འཁོར་སྦྱངས་ཏེ་གཅེན་པོ་དང་མཉམ་དུ་དྲ་ཁང་ཞིག་འཛུགས་འདོད་འདུག

    བློ་ཟླ་བའི་ཚ་བོ་བློ་བཟང་བསམ་གཏན་གྱིས་དེ་སྔ་ཁྱིམ་གྱི་སྒོ་རྩར་རྩེད་མོ་རྩེ་བ་དང་སྤོ་ལོ་རྒྱག་གི་ཡོད།

    2020ལོའི་དབྱར་གསེང་སྐབས་གསར་འགོད་པར་ཁོ་པ་མཐོང་ཐེངས་དང་པོ་ཡིན་པ་དང་སྐབས་དེ་དུས་ལོ་14ལ་སླེབས་པའི་ན་ཆུང་དེས་ཨ་མ་དང་མཉམ་དུ་མཚོ་གཉིས་རྩྭ་རར་ཕྱུགས་འཚོ་བཞིན་ཡོད།

    ད་ཆ་སླར་ཡང་མཐོང་སྐབས་བློ་བཟང་བསམ་གཏན་གྱི་གཟུགས་སྟོབས་ཆེ་རུ་ཕྱིན་པ་དང་གཤིས་ཀའང་ཡག་ཏུ་སོང་ཞིང་། གསར་འགོད་པ་མཐོང་མ་ཐག་ཁོ་པས་དགའ་ཚོར་ཆེན་པོས་རྒྱུགས་འོང་ནས“ངེད་ཚོ་སླར་ཡང་མཇལ་བྱུང་། སྐད་འཕྲིན་ཞིག་སྣོན་རོགས། ང་ལྷོ་ཁ་གྲོང་ཁྱེར་དུ་ལས་རིགས་མཐོ་རིམ་སློབ་འབྲིང་འགྲིམ་བཞིན་ཡོད། ད་ལྟ་མཐོ་རིམ་ལོ་རིམ་གཉིས་པ་ཡིན”ཞེས་བཤད།

    ཁོ་པས་ད་དུང་གློག་ཀླད་སྤྱོད་ཤེས་པ་དང“དྲ་རྒྱ་བརྒྱུད་ངས་འཛམ་གླིང་ཆེན་པོ་འདི་ལྟ་བུ་ཡོད་པ་གཞི་ནས་ཤེས་བྱུང་ལ། ན་གཞོན་ལ་འཚོ་བ་སྐྱེལ་སྟངས་མང་པོ་ཡོད་པ་དེ་དག་ངའི་སྔོན་ཆད་ཀྱི་བསམ་ཡུལ་ལས་ཀྱང་ད་དུང་ངོ་མཚར་དེ་བས་ཆེ་བ་འདུག”ཅེས་བློ་བཟང་བསམ་གཏན་གྱིས་བཤད་པ་དང་སླད་ཕྱིན་ཁོ་པས་རྩིས་འཁོར་གྱི་འབྲེལ་ཡོད་ཤེས་བྱ་མང་ཙམ་སྦྱངས་ཏེ་ལས་རིགས་འཕེལ་རྒྱས་གཏོང་ཆེད་རྩལ་ནུས་ཧུར་ཐག་སྦྱངས་རྩིས་ཡོད་པ་རེད། “ངའི་གཅེན་པོ་གཞིས་རྩེའི་ལས་རིགས་མཐོ་རིམ་སློབ་འབྲིང་ཞིག་ཏུ་ཟོག་འགྲེམས་སྦྱོང་བཞིན་ཡོད་པས་སླད་ཕྱིན་ངས་གཅེན་པོ་དང་མཉམ་དུ་ཚོང་བརྒྱབ་ནས་ངས་དྲ་ཁང་འཛུགས་པ་དང་གཅེན་པོས་ཟོག་འགྲེམས་ཀྱི་འགན་འཁུར་བའི་ལས་ཀ་བྱེད་ཐུབ་ངེས་རེད”ཅེས་བློ་བཟང་བསམ་གཏན་གྱིས་འབྱུང་འགྱུར་ལ་བསམ་བློ་རྒྱ་ཆེན་པོ་གཏོང་བཞིན་མཆིས།

    ཁ་གྱེས་ཁར་ན་གཞོན་དེས་སྤྲོ་སྣང་ཆེན་པོས་གསར་འགོད་པ་ཁོ་པའི་ཁྱིམ་གྱི་ལྗིད་ཐེག་རླངས་འཁོར་ཆུང་གྲས་གསར་པ་དེར་ལྟ་བར་ཁྲིད་པ་དང“འདི་གསར་པ་རེད། ཉིན་ཤས་གོང་ཨ་ཕས་འདི་བཏང་ནས་ང་ཚོ་གང་སར་ཁྲིད་བྱུང”ཞེས་བཤད།

    མཐོ་སར་ལངས་ནས་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་ལ་ཐུར་ལྟ་བྱེད་སྐབས། ཚོན་མདོག་དམར་ལྗང་མཉམ་བསྲེས་ཀྱི་ལུས་རྩལ་ཐང་མངོན་གསལ་ཧ་ཅང་དོད་ཅིང་། དེ་ནི་སྲིན་བུ་རིའི་ལོ་དགུའི་ལམ་ལུགས་ཀྱི་སློབ་གྲྭ་ཡིན་པ་དང་བློ་བཟང་བསམ་གཏན་དང་འདྲ་བར་ཕྲུ་གུ་དེ་བས་མང་བས་དེ་བས་ལེགས་པའི་སློབ་གསོ་དང་ལེན་བྱས་ཏེ་ལས་དབང་ལ་འགྱུར་ལྡོག་འགྲོ་བ་དང་འབྱུང་འགྱུར་ལ་ཕུགས་བསམ་ཆེན་པོ་འཆང་བཞིན་ཡོད།

    དྲིལ་བརྡ་གྲགས་པ་དང་ཕྲུ་གུ་ཚོ་ཁྱུ་དང་ཁྱུ་བསྒྲིགས་ནས་སློབ་ཁྲིད་ཐོག་ཁང་ནས་དོན་སྟེ་རྒྱུག་ལམ་དང་རྐང་རྩེད་སྤོ་ལོའི་ཐང་དུ་ཕན་ཚུན་འདེད་རེས་བྱེད་བཞིན་མཆིས།

    རྣམ་པ་འདི་ལྟ་བུའི་ས་བབ་མཐོ་ཚད་སྨི་5000ཟིན་པའི་བློ་བཟང་བསམ་གཏན་གྱི་ཕ་ཡུལ་དུ་མཐོང་དཀོན་པ་དང་དེ་གར་སྒུལ་སྐྱོད་ཆེ་ཙམ་བྱས་ཚེ་དབུགས་ཧལ་བས་ཕྲུ་གུ་ཚོར་ཁང་ཕྱིའི་ལུས་རྩལ་བྱེད་སྒོ་སྤེལ་བ་ཧ་ཅང་ཉུང་ཉུང་ཡིན་ཞིང་། ལུས་རྩལ་སློབ་ཚན་ཚོགས་སྐབས་ཀྱང་སྒུལ་སྐྱོད་ཆེ་དྲགས་རྒྱུ་མེད། སློབ་གྲྭའི་བསྡོམས་རྩིས་གྲངས་གཞི་ལས་མངོན་གསལ། སྲིན་བུ་རིར་སྤོས་ནས་ལོ་གཉིས་ལྷག་ཙམ་སོང་རྗེས་གནས་མ་སྤོས་གོང་དང་བསྡུར་ཚེ་སློབ་ཆུང་གི་ལོ་རིམ་གཅིག་མཚུངས་ཀྱི་ཕྲུ་གུའི་གཟུགས་པོ་ལས་རིང་བ་ཡོད་པ་རེད།

    བློ་ཟླ་བའི་ཕ་ཡུལ་གྱི་རྩྭ་ཐང་།

    རྩྭ་ར་མང་པོར་ཕྱུགས་ཟོག་འཚོ་མཚམས་བཞག་ནས་རི་སྐྱེས་སྲོག་ཆགས་ཅི་དགར་འཚོ་སྡོད་བྱེད་བཞིན་པ།

    སྐྱེ་ཁམས་གནས་སྤོ་ལས་མཚོ་གཉིས་རྩྭ་ཐང་ལ་གནོད་འཚེ་ཕོག་ཚད་ཆུང་དུ་ཕྱིན་ནས་རྩྭ་ཐང་རིམ་བཞིན་སླར་གསོ་བྱུང་ཡོད།

    གནས་སྤོས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགན་ལེན་བྱ་ཆེད། རྫོང་ཁག་གིས་གནས་སྤོས་ཁུལ་དུ་འབྲོག་ལས་མཉམ་ལས་ཁང་བཙུགས་ཤིང་། བར་བརྒལ་དུས་སྐབས་སུ་ཕྱུགས་ཟོག་འཚོས་པ་ལས་སྐྱེ་ཁམས་ལ་ཤུགས་རྐྱེན་ཆུང་དུ་ཇི་ལྟར་གཏོང་དགོས་སམ། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་ནོར་བུས“མཉམ་ལས་ཁང་གིས་རྩྭ་རའི་ཐེག་ཚད་ལ་གཞིགས་ནས་ནོར་ལུག་གི་མགོ་གྲངས་ལུགས་མཐུན་བཀོད་སྒྲིག་བྱས་ཡོད་ལ། ང་ཚོས་ད་དུང་སྤང་མེར་ཤང་དུ་རྩྭ་ཐང་མུའུ་ཁྲི་33ལྷག་ཙམ་དུ་རྩྭ་ཁ་བཀག་ནས་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཁུལ་ཁོངས་ཀྱི་རྩྭ་ཐང་ལ་སྲུང་སྐྱོང་བྱས་ཡོད”ཅེས་ངོ་སྤྲོད་བྱས།

    ལོ་གསུམ་ལྷག་ཙམ་རིང་གསར་འགོད་པ་བློ་ཟླ་བ་དེ་སྔ་འཚོ་སྡོད་བྱེད་སའི་ཁྲ་ཚང་གྲོང་ཚོར་ཐེངས་མང་བསྐྱོད་དེ་འདི་གའི་འགྱུར་ལྡོག་མིག་མཐོང་ལག་ཟིན་བྱུང་། 2020ལོའི་དབྱར་ཁར་འདི་གར་ཁང་པ་གོག་ཧྲུལ་མང་པོ་ཡོད་པ་དང་། 2021ལོའི་དབྱར་ཁར། ཁང་པ་སོགས་བཤིགས་ནས་རྩྭ་སོན་བཏབ། 2022ལོར་སྔོ་རྩྭ་སྐྱེ་འགོ་ཚུགས་ཡོད།

    མཚོ་གཉིས་རྫོང་ཁོངས་ཀྱི་རྒྱ་ཁྱོན་ཕྱེད་ཀ་ཡན་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་ཞིང་། འདི་གར་གཙོད་ཁྲི་10ལྷག་ཙམ་དང་འབྲོང་ཁྲི་2ལྷག་ཙམ་འཚོ་སྡོད་བྱེད་ཀྱི་ཡོད། རི་སྐྱེས་སྲོག་ཆགས་མང་པོ་ཞིག་ཡང་བསྐྱར་འདི་གར་སླེབས་བཞིན་ཡོད། གྲོང་ཚོ་ཞིག་ཏུ་སྐྱོད་སྐབས་རྐྱང་ཆེན་པོ་གཉིས་ཀྱིས་རྩྭ་ཅི་དགར་ཟ་བཞིན་པ་མཐོང་། འདི་ལྟ་བུ་ད་ཆ་མཚོ་གཉིས་རྫོང་དུ་གང་སར་མཐོང་རྒྱུ་ཡོད། ཁྲ་ཚང་གྲོང་ཚོ་ཞེས་པ་ནི“ཁྲ་འདུ་འཛོམས་བྱེད་ས”ཞེས་པའི་དོན་ཡིན་ཞིང་། ལོ་མང་པོའི་གོང་མི་རྣམས་ཀྱིས་སྐྱས་སྤོའི་འཚོ་བ་མཇུག་འགྲིལ་ནས་ས་ཆ་འདི་གར་གྲོང་ཚོ་བསྐྲུན་པ་དང་གཞིས་ཆགས་ནས་འཚོ་བ་བསྐྱལ་བ་རེད། ད་ཆ་ཁྲ་ཚང་སླར་ཡང་ཁྲ་དང་གཙོད་འཚོ་སྡོད་ཀྱི་སྐྱེད་ཚལ་དུ་གྱུར་ཡོད།

    དེ་སྔ་ནས་གནས་སྤོས་པའི་ཉི་མ་རྫོང་རོང་དམར་ཤང་གི་སྐྱེ་ཁམས་ཀྱི་ཕན་འབྲས་དེ་བས་མངོན་གསལ་དོད་དུ་གྱུར་ཡོད། ལྷ་ས་རུ་གནས་སྤོས་པའི་གཞོན་ནུ་རྡོ་བསམ་ཉིན་འགའི་གོང་ཕ་ཡུལ་དུ་ལོག་སྐབས་རྩྭ་ཆུར་ཅི་དགར་རོལ་བཞིན་པའི་གཙོད་ཁྱུ་ཞིག་དང་ཕྲད་པས་ཁོ་པར་དགའ་ཚོར་ཆེན་པོ་སྐྱེས།

    སྐྱེ་ཁམས་གནས་སྤོ་བྱས་རྗེས་རོང་དམར་ཤང་གིས་ར་སྐྱོར་སྨི་ཁྲི་2.5བཤིགས་པ་དང་རྩྭ་ཐང་རྒྱ་ཁྱོན་སྤྱི་ཆིང་1334ཕྱིར་བསློགས་ནས་སྐྱེ་ཁམས་ཉམས་གསོའི་ལས་གྲྭ་ལག་བསྟར་བྱས་ཏེ་གནས་སྤོས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་བཏང་ཡོད་པ་རེད།

    “རྩྭ་ར་མང་པོ་ཞིག་ཏུ་ཕྱུགས་ཟོག་འཚོ་མཚམས་བཞག་ནས་རི་སྐྱེས་སྲོག་ཆགས་ཅི་དགར་འཚོ་སྡོད་བྱེད་ཐུབ་པ་ནི་ང་ཚོས་སྐྱེ་ཁམས་གནས་སྤོར་རྒྱབ་སྐྱོར་བྱེད་པའི་རྒྱུ་རྐྱེན་གྱི་གྲས་ཤིག་ཀྱང་རེད”ཅེས་བློ་ཟླ་བས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།